ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་གྲོས་ཚོགས་ལ་ཚུར་སྣང་དྲག་པོ་ཐོབ།
2019.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 73

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་གྲོས་ཚོགས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཟི་ལིང་ནས་ཚོགས་རྗེས། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གདེང་འཇོག་ཚད་མཐོན་པོ་བྱས། ཚང་མས། ཐེངས་འདིར་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་དེས། ཏང་ཀྲུང་དབྱང་གི་ཆེད་དོན་འཐབ་རྩོད་སྤེལ་བའི་ཆོད་སེམས་བརྟན་པོ་མཚོན་པ་དང་། ང་ཚོའི་བྱ་བར་ཁྱོན་ཡོངས་ནས་བརྟག་བཤེར་ཐེངས་གཅིག་བྱས་པ་ཡང་ཡིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་ལ་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། རྣམ་འགྱུར་བརྟན་པོ་དང་བྱེད་ཐབས་བཟང་བོ། སྒྲིག་ལམ་དམ་པོ། སྤྱོད་ཚུལ་བཟང་བོས་ཆེད་དོན་འཐབ་རྩོད་ཐད་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱུགས་ལན་བཟང་བོ་ཞིག་སྤྲོད་དགོས་པའི་ཚུལ་བསྟན།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་མཉམ་འབྲེལ་འཐབ་འཛིང་པུའུ་ཡི་ཀྲུའུ་རིན་ཕུའུ་ཀྲི་ཅུན་གྱིས་བཤད་རྒྱུར། ཐེངས་འདིའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ནི་ནག་འཇོམས་ངན་སེལ་བྱ་བའི་ཡུལ་དངོས་སུ་བྱ་བ་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཐད་ཀྱི་ཆབ་སྲིད་ཀྱི་རྒྱུགས་སྤྲོད་ཐེངས་ཤིག་ཡིན་ལ། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། བྱ་བར་ལེགས་སྒྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པ་ཡོངས་འགུལ་སྐྱོད་བྱས་ནས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱས་པས། བསྡོམས་པས་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་ཐད་ཀྱི་གྱོད་གཞི་ང་བཞི་བསྒྲུབས་པ་དང་། གོ་རིམ་རྗེས་མར་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་གོ་སྐབས་སུ་བྱས་ནས། མུ་མཐུད་དུ་ནག་ངན་སྟོབས་ཤུགས་ལ་བཟོད་སྒོམ་སྤུ་ཙམ་མི་བྱེད་པར་ཉེན་རྟོག་པ་དང་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། ནག་ངན་སྟོབས་ཤུགས་ལ་རྡུང་རྡེག་ཆེན་པོ་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་འཛུགས་པ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ཀྱི་རྒྱལ་ཁབ་བླངས་ནས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་སྔར་ལས་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

ཞིང་ཆེན་ཁྲིམས་འཛིན་ཐིན་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་སུང་ཁྲང་ཡུའེ་ཡིས་བཤད་རྒྱུར། ཁྲིམས་འཛིན་སྲིད་འཛིན་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཏང་ཀྲུང་དབྱང་གི་འགོ་ཁྲིད་ཡང་དག་འོག དུས་ཡུན་ལོ་གསུམ་ཡིན་པའི་མི་དམངས་འཐབ་འཛིང་འདིའི་ཐད་ནས་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ཀྲན་ལུང་གིས་བཤད་རྒྱུར།  མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་མཐོར་འདེགས་གཏོང་དགོས་ན། ནག་ངན་སྟོབས་ཤུགས་མེད་པར་བཟོ་དགོས། མཚོ་ལྷོ་ཁུལ་གྱི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་གོ་སྐབས་གལ་ཆེན་དུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ཁག་ཁུར་ཇེ་བརྟན་དུ་གཏོང་བ། རང་འགུལ་གྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཞིབ་བཤེར་དང་མཛུབ་སྟོན་དང་ལེན་བྱེད་པ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། དུས་ཡུན་ལོ་གསུམ་ཡིན་པའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཁྱོན་ཡོངས་ཀྱི་རྒྱལ་ཁ་ལེན་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་གི་ཏང་ཨུའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་ལྟ་སྐུལ་མཛུབ་སྟོན་བྱས་པ་ནི། ཏང་ཨུ་དང་སྲིད་གཞུང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བར་ཁྱོན་ཡོངས་ནས་བརྟག་བཤེར་ཐེངས་ཤིག་བྱས་པ་ཡིན་་ལ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཡང་ཡིན་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་ནག་འཇོམས་ངན་སེལ་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པའི་མཛུབ་སྟོན་ཤུགས་ཡོད་དང་སྐུལ་སློང་དེ་ལས་ཀྱང་ཡིན། གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། གོང་རིམ་གྱི་བཀོད་སྒྲིག་དང་ལྟ་སྐུལ་མཛུབ་སྟན་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།