མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ།
2019.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་ལག་བསྟར་དམ་འཛིན་བྱས་པ་དང་། འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་མ་ཟད།  དྲིལ་སྒྲོག་དང་སློབ་སྦྱོང་སྐུལ་སློང་བྱེད་པ་དང་། ཁྱོན་ཡོངས་ནས་ཁུངས་སྣེ་འཚོལ་བཤེར་དང་སྔོག་འདོན་བྱེད་པ། ཕྱོགས་མང་པོས་མ་དངུལ་གྲབས་གསོག་བྱས་ནས་འགན་སྲུང་ཆེར་གཏོང་བ་སོགས་བརྒྱུད་དེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན་འཐབ་རྩོད་ཀྱི་བྱ་བ་སྣ་ཚོགས་ཕན་ཡོད་པའི་སྒོ་ནས་སྤེལ།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཚོ་སྔོན་ནོར་སྲིད་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ལག་བསྟར་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ལག་བསྟར་ཇུས་གཞི་གཉིས་ལ་ཞིབ་འཇུག་བྱས་ནས་འགྲེམ་སྤེལ་བྱས་ནས། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་མཁྲེགས་གཏོར་འགུལ་སྐྱོད་ཆེན་པོ་ལྔའི་ལས་འགན་གསལ་ཁྲ་གཏན་འབེབས་བྱས་ལ། ཏང་ཙུའུ་གྲོས་ཚོགས་དང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཐེངས་མང་པོར་བསྡུས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དགོངས་དོན་ཆེས་གསར་བ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་ཁུངས་དང་ཐིན་ནང་ཁུལ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་བྱ་བ་ཞིབ་ཕྲར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ། བྱ་བའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་དོན་འཁྱོལ་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

དེ་དང་མཉམ་དུ། ནོར་སྲིད་ཐིན་གྱི་དྲ་ཚིགས་དང་ཆ་འཕྲིན་གསལ་སྒྲོག་བྱང་བུ་བརྒྱུད་དེ། སྤྱི་ཚོགས་ཡོངས་ལས་ནོར་སྲིད་ཐིན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་ཆ་འཕྲིན་ཁུངས་སྣེ་ཞུ་གཏུག་ཁ་པར་དང་ཡིག་སྒམ་ཁྱབ་བསྒྲགས་བྱས་པ་དང་། མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ལ། ནོར་སྲིད་མ་དངུལ་དོ་དམ་ཁྱབ་ཁོངས་ཀྱི་ནག་ངན་དང་འབྲེལ་བའི་གནད་དོན་བསྡུ་རུབ་བྱས། ཞིང་ཆེན་ཡོངས་ཀྱི་དངུལ་མཛོད་ཆུང་བའི་ཆེད་དོན་བཅོས་སྐྱོང་ཞུ་གཏུག་ཁུངས་སྣེ་སྟེགས་བུ་བཀོལ་ནས། ཁུངས་སྣེ་བསྡུ་རུབ་དང་དུས་ཐོག་ཏུ་བརྟག་བཤེར་དང་བདེན་དཔང་བཙལ་བ་དང་། ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མགོ་ཁུངས་ནས་བརྟག་བཤེར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་ཁུངས་སྣེའི་རྒྱབ་ཕྱོགས་ཀྱི་ནག་ངན་དང་འབྲེལ་བའི་གནད་དོན་སྔོག་འདོན་བྱེད་པ། ཕྱོགས་བསྡུས་ཁྲིམས་འཛིན་འགན་ནུས་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ། ཆེད་དོན་འཐབ་རྩོད་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱས།

མིག་སྔའི་བར་དུ། ཞིང་ཆེན་ནོར་སྲིད་ཐིན་ལ་ནག་ངན་སྟོབས་ཤུགས་དང་འབྲེལ་བའི་ཁུངས་སྣེ་གཉིས་འབྱོར་བ་དང་། ཡོངས་རྫོངས་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་པ་མ་ཟད་གྱོད་གཞི་བསྒྲུབས་ཚར་ཟིན། གཞི་རིམ་རྩ་འཛུགས་ཀྱིས་ལྐོག་ལེན་བྱས་པའི་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི་དགུ་དང་སྟོང་གསུམ་དྲུག་བརྒྱ་ལྷག་ཕྱིར་སློག་པ་དང་། གྱོད་གཞི་དང་འབྲེལ་བའི་ལས་ཁུངས་ཀྱིས་དཔྱ་ཁྲལ་སྒོར་ས་ཡ་གསུམ་ཁ་གསབ་བྱས་ལ། འབྲེལ་ཡོད་འགན་འཁྲི་མི་སྣར་སྐྱོན་བརྗོད་དང་ལས་མཚམས་བཞག་སྟེ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཆད་པ་བཅད།