ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བར་དུ་འབྲེལ་མཐུད་ཚོགས་འདུ་ཐེངས་དང་པོ་བསྡུས།
2019.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་དྲུག་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ བར་གྱི་འབྲེལ་མཐུད་ཚོགས་འདུ་ཐེངས་དང་པོ་ཟི་ལིང་ནས་བསྡུས། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཝུའུ་ཞིན་ཞུང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་ཞིང་ཆེན་རིམ་པའི་ལྟ་སྐུལ་མཛུབ་སྟོན་གནས་ཚུལ་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་། ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཚོགས་འདུར་ཞུགས།

ཝུའུ་ཞིན་ཞུང་གིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་ཕན་འབྲས་ཁས་བླངས་པ་དང་། མཚོ་སྔོན་ཞིང་ཆེན་ལ་ཆབ་སྲིད་ལངས་གནས་དང་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། ཕྱོགས་བསྡུས་བཅོས་སྐྱོང་། ཟབ་སྔོག་རྩ་བཤེར། རྩ་འཛུགས་འཛུགས་སྐྲུན། རྩ་འཛུགས་འགོ་ཁྲིད་བཅས་ཕྱོགས་དྲུག་ནས་གནས་པའི་གནད་དོན་དང་ཤུགས་ཞན་ས་བསྟན་པར་མ་ཟད། ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་གཞི་བཏོན།

ཝུའུ་ཞིན་ཞུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་ཟབ་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོ་དང་བསམ་བློའི་གོ་རྟོགས་སྔར་ལས་ཇེ་ཟབ། འཐབ་འཛིང་གི་སྙིང་སྟོབས་སྔར་ལས་ཇེ་ཆེ་བཅས་སུ་གཏོང་དགོས། འགན་འཁྲི་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་བཏང་ནས་རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་སྤྲོད་དང་རིམ་པ་ལྟར་དུ་འགན་ཁུར་དངོས་འབེབས་བྱེད་དགོས། ཁྲིམས་ལྟར་ཆད་པ་ནན་མོ་གཅོད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མང་ཚོགས་ལ་བསམ་འཆར་ཆེ་བའི་ནག་འབྲེལ་ངན་འབྲེལ་གྱི་གྱོད་དོན་ཞིབ་གཅོད་བྱེད་པ་དེ་བརྒལ་གཏོར་བྱེད་སར་བརྩིས་ནས། བསྟུད་མར་ཕར་རྒོལ་ཆེན་པོ་བྱེད་དགོས། མང་ཚོགས་ལ་དྲིལ་སྒྲོག་དང་སྐུལ་སློང་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ཐབས་ཤེས་སྣ་མང་མཉམ་སྤྱོད་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ཟིལ་ཤུགས་བསྟུད་མར་བསྐྲུན་དགོས། ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་སྒོས་མཉམ་འཛིན་མཉམ་སྡོམ་གྱི་མཉམ་ཤུགས་གྲུབ་པར་བྱེད་དགོས། ཏང་འཛུགས་ཀྱི་ཁྲིད་སྟོན་སྔར་ལས་ཇེ་དྲག་ཏུ་བཏང་ནས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། གཞི་རིམ་སྲིད་དབང་གི་རྨང་གཞི་སྲ་བརྟན་དུ་འཛུགས་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དངོས་སུ་བཏོན་ནས། ཏང་གི་བྱེད་ཕྱོགས་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཏང་དང་མི་དམངས། མཚོ་སྔོན་བཅས་ལ་འགན་ཆེན་པོ་ཁུར་ནས། ཏན་ཏིག་དང་གཟབ་ནན་སྒོས་ལྟ་སྐུལ་མཛུབ་སྟོན་བྱས་ལ། བསྟན་པའི་གནད་དོན་དང་བཏོན་པའི་རེ་བ་མཐའ་དག་དངོས་ཐོག་བདེན་འཚོལ་དང་ལུགས་མཐུན་དྲང་གཞག་ཡིན་པས། ང་ཚོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟན་པའི་གནད་དོན་ལྷག་བསམ་རྣམ་དག་གིས་དང་ལེན་དང་། ལྟ་སྐུལ་མཛུབ་སྟོན་གྱི་བསམ་འཆར་ཡོངས་སུ་དང་ལེན་བྱས་ཏེ། ཆད་ལུས་མེད་པར་ལེགས་བཅོས་དམ་འཛིན་བྱེད་པ་དང་། བྱ་བའི་གནད་དོན་དང་ཤུགས་ཞན་ས་དེ་འབད་པ་བྱེད་སར་བརྩིས་ནས། ལྟ་སྐུལ་མཛུབ་སྟོན་བརྒྱུད་ནས་ལེགས་བཅོས་བྱེད་པ་དེ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་ཚོད་བགམ་དངོས་སུ་བརྩི་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞིའི་སློབ་གསོ་ཟབ་སྤེལ་བྱེད་པའི་འགུལ་སྐྱོད་དངོས་སུ་བརྩི་བ། ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཐབས་ཤེས་གལ་ཆེན་དུ་བརྩིས་ཏེ། མི་ལ་བརྟེན་ནས་དོན་དག་ཤེས་པ་དང་དོན་ལ་བརྟེན་ནས་མི་ལ་རྒྱུས་ལོན་བྱེད་པ། ལེགས་བཅོས་ཀྱི་འགན་ཁུར་དངོས་འབེབས་བྱེད་པ། ཐབས་ཤེས་ནན་མོ་དང་དྲག་པོ་སྤྱོད་ཕོད་པ་བཅས་བྱས་ཏེ། འགྱུར་མེད་ཤུགས་དྲག་གི་རྣམ་འགྱུར་དང་དངོས་གཉེར་ཕན་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས། ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་གསར་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅ་ཚའེ་དང་ཀྲང་ཞི་མེན། ཡུས་ཚུང་ལི། དབྱིན་པའེ། ཁྲིན་མེན་གོ། མིན་ཡུང་ཧྲན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།