ཡུལ་ཤུལ་གྲོང་ཁྱེར་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དང་བདེ་འཇགས་འཛུགས་སྐྲུན་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ།
2019.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་དྲུག་པའི་ཚེས་ལྔ་ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དང་བདེ་འཇགས་འཛུགས་སྐྲུན་དྲིལ་སྒྲོག་བྱ་འགུལ་ནོར་གནག་ཐང་ཆེན་ནས་སྤེལ་བ་དང་། ཁུལ་ཡོངས་ཀྱི་ལས་ཁུངས་བརྒྱད་ཅུ་ཙམ་བྱ་འགུལ་ལ་ཞུགས།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་བྱ་བ་བསྒྲུབས་པའི་ཚུན་ལ། ཡུལ་ཤུལ་ཁུལ་གྱིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་བྱ་བའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་སོ་སོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་ཡུལ་ཤུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཟབ་སྤེལ་བྱེད་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཧུར་ཐག་གིས་བསྐྲུན་ནས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར། བདེ་འཇགས་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས།

བྱ་འགུལ་སྤེལ་ཡུལ་ནས། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཡུལ་ཤུལ་འཛུགས་སྐྲུན་བྱེད་པ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་འབྲེལ་ཡོད་ནང་དོན་ལ་དམིགས་ནས། སོ་སོའི་འགན་ནུས་དང་འགན་ཁུར་དང་སྦྲེལ་ཏེ། བསྒྲགས་ཡིག་འགེལ་བ་དང་། བློ་འདྲིའི་སྟེགས་བུ་འཛུགས་པ། འགྲེམ་སྟོན་པང་ལེབ་ལས་པ། ཡུལ་དངོས་ནས་གྱོད་དོན་འགྲེལ་བཤད་བྱེད་པ། རྩ་གཉིས་ཨང་བཤེར་བྱས་ཏེ་དྲི་ལན་འདེབ་པ། དྲིལ་སྒྲོལ་ལག་དེབ་འགྲེམ་པ། སྒྲོག་འགྲེལ་བྱེད་པ། ནག་འཇོམས་ངན་སེལ་གྱི་འགུལ་རིས་དང་གློག་བརྙན་སྟོན་པ་སོགས་ལ་བརྟེན་ནས། མང་ཚོགས་ལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་དོན་སྙིང་གལ་ཆེན་དང་། གཏུག་བཤེར་བྱེད་པའི་ཐབས་ཤེས། གཏུག་བཤེར་བྱེད་པའི་བྱ་དགའི་སྲིད་ཇུས་སོགས་དྲིལ་སྒྲོག་རྒྱ་ཆེར་བྱས་ལ། རྒྱ་ཆེའི་མང་ཚོགས་ཀྱིས་གལ་ཏེ་སྡེ་གཤེད་དང་ནག་ཚོགས་སོགས་ངན་ནག་སྟོབས་ཤུགས་ཡོད་པ་ཤེས་ཚེ་མྱུར་དུ་ཡིག་སྒམ་དང་ཁ་པར་བརྒྱུད་དེ་གཏུག་བཤེར་བྱེད་དགོས་པའི་གསལ་འདེབས་བྱས།

སྡོམ་རྩིས་བྱས་པ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ལ་ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་སྟོང་གཅིག་དང་བརྒྱ་ལྷག་ཞུགས་པ་དང་། དྲིལ་སྒྲོག་པང་ལེབ་བརྒྱ་དང་དྲུག་ཅུ་བསྟན་པ་དང་། དྲིལ་སྒྲོག་རས་བྱང་བརྒྱ་དང་ལྔ་བཅུ་ལྷག་བཀལ་ལ། རིགས་སོ་སོའི་དྲིལ་སྒྲོག་རྒྱུ་ཆ་ཁྲི་བཞི་དང་སྟོང་གསུམ་ལྷག་བྱིན།