ནག་འཇོམས་ངན་སེལ་གྱི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ནས་བདེ་འཇགས་སྲུང་བ།
2019.06.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 64

དམིགས་བསལ་ཉེན་རྟོག་པས་བདེ་འཇགས་སྲུང་བཞིན་པ།

འདི་ནི་རྔམ་བརྗིད་ཆེ་བའི་མི་དམངས་ཀྱི་འཐབ་རྩོད་ཅིག་ཡིན་པ་དང་། དེ་སྤྱི་ཚོགས་ཀྱི་སྤྱི་ཕྱོགས་བརྟན་འཇགས་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བ། མིའི་བློ་ཁ་གཏད་ཕྱོགས་དང་གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་བར་འབྲེལ་བ་ཡོད་པ་དང་། རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་འཛུགས་སྐྲུན། རླབས་ཆེན་གྱི་ལས་དོན་འཕེལ་རྒྱས། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་འབྲེལ་བ་ཡོད། འདི་ནི་རོང་འབྲོག་མང་ཚོགས་ཁྲི་བཅུའི་བདེ་སྡོད་ལས་བརྩོན་ལ་སྲུང་སྐྱོབ་བྱེད་པའི་སྤྱི་བདེ་དཔུང་ཁག་ཅིག་ཡིན་པ་དང་། དེ་ལ་ཆབ་སྲིད་ཀྱི་དད་སེམས་བརྟན་པོ་དང་། ལས་རིགས་ཀྱི་ནུས་པ་དྲག་པོ་ལྡན་ལ།  ངན་ནག་སྟོབས་ཤུགས་གཙང་ཕྱགས་བྱེད་པར་ཆོད་སེམས་བརྟན་པོ་ཡོད།

ཁོ་ཚོས་ངན་ནག་སྟོབས་ཤུགས་ཀྱི་ནག་ཉེས་ཚོགས་ཁག་གཉིས་དང་། ངན་ནག་སྟོབས་ཤུགས་ཀྱི་ནག་ཉེས་ཚོགས་པའི་མི་བརྒྱད་རྩད་རྫོགས་བྱས་པ་དང་། བསྙད་རྐོ་ཟིང་སློང་དང་། ཁྲིམས་དང་མི་མཐུན་པར་བཀག་འགོག་བྱེད་པ། རྒྱན་འཇོག་ཁང་ཕྱེས་པ་སོགས་ཉེས་དོན་གྱོད་གཞི་གྱ་དྲུག་རྩད་ཆོད་ལ། སྒོར་མོ་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཅིག་ལྷག་སྤྱོད་མཚམས་བཞག་ཅིང་། མི་རེ་བདུན་ཉེས་དོན་བཀག་སྐྱིལ་བྱས།

ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་གཏིང་ཟབ་སྒོས་སྤེལ་བར་བཀོད་སྒྲིག་བྱས་པ་ནས་བཟུང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཉིན་མཚན་ཀུན་ཏུ་འབད་འཐབ་བྱས་ཏེ། ནག་ཚོགས་དང་འབྲེལ་བའི་གྱོད་གཞི་སྐོར་ཞིག་རྒྱལ་ཁའི་ངང་རྩད་ཆོད་པ་དང་། ངན་ནག་སྟོབས་ཤུགས་སྐོར་ཞིག་ལ་ཁྲིམས་ལྟར་ཉེས་ཆད་བཅད་ཅིང་། སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་མང་པོ་ལེགས་བཅོས་བྱས་པས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་ལ་མཚོ་ནུབ་ཁུལ་ནས་གྲུབ་འབྲས་མངོན་གསལ་ཐོབ། ད་ལོར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་ཁོར་ཡུག་བཅོས་སྐྱོང་བྱ་བར་ལེགས་བཅོས་ཆེན་པོ་བྱུང་བ་དང་། ཉེས་དོན་དང་། བདེ་འཇགས་བཅོས་སྐྱོང་གྱོད་གཞི་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅུ་བདུན་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་ཉི་ཤུ་གྲངས་ཆུང་བརྒྱད་མར་བབས་ཤིང་། ཆེད་དོན་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་སྲུང་སྐྱོབ་དང་བསྟོད་བསྔགས་ཐོབ།

ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བཀོད་སྒྲིག་བྱས་ཤིང་ལས་འགན་མར་བཞག་རྗེས། མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡིས་མྱུར་མོར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་ཉིན་རིམ་གལ་ཆེན་ནང་བཞག་ཏེ། དུས་ཚོད་དང་པོའི་ནང་ཅུའུ་ཏང་ཨུའི་འགོ་ཁྲིད་དང་པོ་ཚོགས་གཙོ་བྱས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་ནས་སྲིད་འཛིན་ཏང་ཨུའི་སྤྱི་བདེ་ཅུའུ་ཡི་འགོ་ཁྲིད་གཙོ་བོས་ཚོགས་གཙོ་གཞོན་པའི་འགན་ཁུར་ཅིང་། ཉེན་རྟོག་པའི་འགན་ཁུར་བ་མང་པོ་ཁོངས་མི་བྱས་ཏེ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚན་ཆུང་ཞིག་བཙུགས། དུས་མཚུངས་སུ། ཆབ་སྲིད་ལ་ཡིད་རྟོན་ཡོད་པ་དང་། ལས་རིགས་ཀྱི་ནུས་པ་ཆེན་པོ་ལྡན་པ། ཕྱོགས་བསྡུས་སྤུས་ཚད་བཟང་པོའི་མི་དམངས་ཉེན་རྟོག་པ་སྐོར་ཞིག་བདམས་ནས་ནག་འཇོམས་ངན་སེལ་ལ་འཐབ་རྩོད་བྱེད་པའི་ཆེད་དོན་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ཞིག་བཙུགས།

འགོ་ཁྲིད་དང་པོས་དངོས་སུ་འཛིན་པ་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་བྱེ་བྲག་ཏུ་འཛིན་པ། བདེ་འཇགས་བཅོས་སྐྱོང་དང་མངགས་གཏོང་ཁང་གི་ལས་བྱེད་མི་སྣས་ཕྱོགས་ཡོངས་ནས་འཛིན་པའི་བྱ་བའི་རྣམ་པ་ཞིག་གཏན་འཁེལ་བྱས་རྗེས། འགན་འཁྲི་ཡོད་པའི་ལས་ཁུངས་ཚང་མས་མྱུར་མོར་འགུལ་སྐྱོད་བསླངས།

ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་སྔ་དྲོར། གསར་འགོད་པ་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་ཆེད་དོན་གཞུང་སྒྲུབ་ཁང་དུ་ཐོན་སྐབས། ཉེན་རྟོག་པ་ཞིག་གིས་གློག་ཀླད་སྟེང་ཉིན་དེར་འབྱོར་བའི་མང་ཚོགས་ཀྱི་ཞུ་གཏུག་ཁུངས་སྣེ་གསུམ་ལ་ནན་ཏན་གྱིས་ལྟ་བཞིན་འདུག

ཉིན་རེར་ང་ཚོར་འདི་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཞུ་གཏུག་མང་པོ་ཞིག་འབྱོར་ཡོང་། ཆེས་མང་པོའི་ཉིན་དེར་ཁུངས་སྣེ་བདུན་བརྒྱད་འབྱོར་ཡོང་། ཁུངས་སྣེ་དོ་དམ་ནི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། ང་ཚོས་ཁུངས་སྣེ་གཅིག་ཀྱང་འཆོར་དུ་འཇུག་བཞིན་མེད་ཞེས་ཀྲང་ཞུས་ཡིས་དེ་ལྟར་བཤད། ཀྲང་ཞུས་ནི་མཚོ་ནུབ་ཁུལ་ཉེན་རྟོག་ཅུའུ་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཁུངས་སྣེ་ཞིབ་དཔྱོད་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། གོང་རིམ་དོ་དམ་སྡེ་ཁག་དང་རིམ་པ་མཉམ་པའི་སྡེ་ཁག མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་ཁུངས་སྣེ་རེ་རེར་ཉིན་བཞིན་ལྟ་སྐུལ་དང་། ཆེད་དུ་སྒྲུབ་བཞིན་ཡོད་པ་དང་། གནས་ཚུལ་ཡར་ཞུ་བྱེད་རྒྱུ་དེ་ནི་ཁོའི་བྱ་བ་གཙོ་བོ་ཡིན།

ཁོ་རང་ཐོག་མར་འདིར་ཐོན་དུས་ལས་ཀ་འདི་ཁོ་ལ་དེ་འདྲ་འཚམ་བཞིན་མེད་ཀྱང་།  ལོ་གཅིག་གི་རིང་ལ་སྦྱོང་བརྡར་བྱས་པ་བརྒྱུད། ང་ཚོ་ཁུངས་སྣེ་ཞིབ་དཔྱོད་ལ་ཆེད་དུ་འགན་ཁུར་བའི་ནང་གི་རྐང་འཛིན་ཁོངས་མི་ཞིག་ཏུ་གྱུར་ཡོད་ཅེས་འཁྲིས་སུ་ཡོད་པའི་མཚོ་ནུབ་ཁུལ་ཉེས་དོན་ཉེན་རྟོག་པའི་ཡན་ལག་རུ་ཁག་གི་རུ་དཔོན་ལུའུ་ཁྲིན་ཀྲང་གིས་དེ་ལྟར་མཚམས་སྦྱོར་བྱས་བྱུང་།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡི་གོང་འོག་ཚང་མས་ཧུར་ཐག་གིས་བྱ་བ་སྒྲུབ་པའི་རྣམ་པ་ཞིག་སྲུང་འཛིན་བྱས་ཡོད། ཀྲང་ཞུས་ཡིས་གསར་འགོད་པར་བཤད་རྒྱུར། ཁོ་རང་གཞུང་སྒྲུབ་ཁང་འདིར་ལས་སྤོར་བྱས་རྗེས་གཟའ་མཇུག་གི་ངལ་གསོ་ཡང་མེད་པ་དང་། ཉིན་རེར་བྱ་བ་བསྒྲུབས་ནས་ཞོགས་པའི་དུས་ཚོད་གསུམ་ནས་བཞིའི་བར་བྱ་བ་བསྒྲུབས་རྒྱུ་དེ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། ད་དུང་སྒོ་ཕྱི་ལ་སོང་ནས་གྱོད་གཞི་སྒྲུབ་བཞིན་པའི་ལས་གྲོགས་ཚོས་མཚམས་ལན་རེར་ཟླ་ངོ་དྲུག་བདུན་གྱི་རིང་ལའང་སྒོ་ཕྱི་ནས་བྱ་བ་སྒྲུབ་བཞིན་ཡོད་པ་རེད་ཟེར།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཟབ་ཞུགས་བྱེད་པའི་འཐབ་ཕྱོགས་དང་པོའི་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་བཤད་ན། འཐབ་རྩོད་འདིའི་མདུན་དུ་ལྷགས་པ་ནི་དཀའ་ངལ་སྣ་ཚོགས་ཡིན་པ་དང་། རང་ཉིད་ཀྱིས་ཕུལ་བའི་དཀའ་སྤྱད་དེ་ཡང་སྐད་ཆ་ཚིག་གཅིག་གཉིས་ཞིག་གི་ནང་བསྡུས་ནས་ཚར་ཐུབ་པ་ཞིག་མ་རེད། ཡིན་ཡང་། ཏང་དང་མི་དམངས་མང་ཚོགས་ལ་དགོས་མཁོ་ཡོད་པའི་སྐབས་སུ། ཁོ་ཚོ་འཛེམ་དོགས་མེད་པར་ཉེན་ཁའི་མདུན་དུ་རྒྱུགས་ནས་ངན་ནག་སྟོབས་ཤུགས་འཇོམས་པའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ཏེ། མང་ཚོགས་ཀྱི་རྒྱབ་རི་བརྟན་པོ་བྱེད་བཞིན་ཡོད་ཟེར།

མང་ཚོགས་དང་མཐུན་སྒྲིལ་བྱས་ནས་འགོག་སྲུང་བརྟན་པོ་བྱེད་པའི་འགྱུར་མེད་དམ་བཅའ་དགོས། མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡིས་མུ་མཐུད་དུ་དྲིལ་སྒྲོག་བྱེད་ཐབས་གསར་སྐྲུན་བྱས་པ་དང་། རྒྱུ་ཆ་དང་། འགེལ་བྱང་། འགྲེམ་སྟོན་སྒོ་སམ་ཁྲི་བདུན་ཙམ་མར་བྱིན་པ་བརྒྱུད་དེ། ནག་འཇོམས་ངན་སེལ་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་པ་དང་། དམངས་ཡོངས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱས་པ་མ་ཟད། དེ་གོ་སྐབས་སུ་བརྩིས་ནས་མང་ཚོགས་ཁྲོད་ཁུངས་སྣེ་སྔོག་འདོན་བྱས་ཏེ། དམངས་ཡོངས་ནག་འཇོམས་ངན་སེལ་གྱི༼ཟངས་གྱང་ལྕགས་རྩིག༽ནང་ཟབ་ཞུགས་བྱེད་དུ་བཅུག

ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། གཏེར་ལེན་ཁ་གྲོང་ཁྱེར་འབྲི་ཆུའི་ལམ་མངགས་གཏོང་ཁང་གི་འདུས་སྡོད་ཁུལ་གྱི་མི་དམངས་ཉེན་རྟོག་པ་ཀྲིན་ཧྥིན་ཧོས་དང་ཁོའི་ལས་གྲོགས་གཉིས་ཀྱིས་ནག་འཇོམས་ངན་སེལ་གྱི་དྲིལ་སྒྲོག་ལག་དེབ་དང་ཁུངས་སྣེ་རྟོག་དཔྱོད་བྱ་བའི་ཐོ་འགོད་རེའུ་མིག་ཁྱེར་ནས་ཞིང་ཆུ་གཏོང་ཁུལ་དོ་དམ་ཁང་སྡོད་ཁུལ་ཆུང་བའི་སྡོད་དམངས་བུའུ་རིན་ཞང་གི་ཁྱིམ་དུ་སོང་།

ཀྲིན་ཉེན་རྟོག་དཔོན། མྱུར་མོར་ནང་ལ་ཤོག་ཞེས་པའི་སྐད་ཆ་འདི་ནི་རང་གི་གཉེན་ཉེ་ཞིག་ལ་བསུ་བ་བྱེད་པ་དང་ཀུན་ནས་མཚུངས། ལོ་ན་ང་གཉིས་ལ་སླེབས་པའི་བུའུ་རིན་ཞང་གིས་ཀྲིན་ཧྥིན་ཧོས་ཡི་ལག་པར་འཇུས་ནས་དེ་ལྟར་བཤད་བྱུང་། ནམ་རྒྱུན་དང་འདྲ་བར་ཉེན་རྟོག་པ་ཀྲིན་ཡིས་སྐད་ཆ་འགའ་བཤད་རྗེས། དེ་རིང་གི་ཡོང་དོན་བཤད་བྱུང་། ད་ལྟ། ང་ཚོའི་ནག་འཇོམས་ངན་སེལ་ལ་ཆེད་དོན་འཐབ་རྩོད་བྱེད་པའི་བྱ་བ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་། ང་ཚོ་དམག་དམངས་སེམས་པ་གཅིག་ཏུ་མཐུན་ན། ངན་ནག་སྟོབས་ཤུགས་དེ་དག་ཐར་ས་མེད་པར་བྱེད་ཐུབ་ཞེས་བཤད།

བུའུ་རིན་ཞང་གིས་རེད་ཡ། ནག་འཇོམས་ངན་སེལ་ནི་མིའི་སེམས་ལ་འབབ་པའི་དོན་དག་ཅིག་ཡིན་པ་དང་། ང་ཚོས་ཁུངས་སྣེ་ཅི་ཞིག་ཡོད་ན་མྱུར་མོར་ཁྱེད་ཚོར་ཞུ་གཏུག་བྱེད་ངེས་ཞེས་བཤད། གཏེར་ལེན་ཁ་གྲོང་ཁྱེར་དུ་ལོ་ངོ་ཉེར་བཞིའི་རིང་ལ་འཚོ་བ་རོལ་བའི་བུའུ་རིན་ཞང་གིས་དངན་པ་འཐེན་ཞོར་དུ་ད་ལྟའི་ཁོར་ཡུག་བཅོས་སྐྱོང་དེ་སྔོན་ཆད་དང་བསྡུར་ཐབས་མེད་པ་དང་། ལོ་འདི་དག་གི་རིང་ལ། ཉེ་འགྲམ་དུ་རྡུང་རེས་བྱེད་པའི་དོན་དག་གཅིག་ཀྱང་གོ་ཐོས་མེད་ཟེར།

བུའུ་རིན་ཞང་གིས་སེམས་རྣལ་ལ་ཕབ་ནས་ད་ལྟའི་དུས་རིམ་གྱི་ནག་འཇོམས་ངན་སེལ་གྱི་གནས་བབ་བཤད་པ་དང་སྟབས་བདེའི་སྒོ་ནས་ཐོ་འགོད་བྱས་རྗེས། ཀྲིན་ཧྥིན་ཧོས་མྱུར་དུ་ཁྱིམ་ཚང་གཞན་ཞིག་ལ་སོང་།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། དེ་དང་རིགས་འདྲ་བའི་དྲིལ་སྒྲོག་འགུལ་སྐྱོད་མཚོ་ནུབ་ཁུལ་གྱི་ཟང་ཟིང་ཆེ་བའི་གྲོང་ཁྱེར་དང་། བཟོ་གྲྭ་ཁེ་ལས། རྒྱང་རིང་རི་ཁུལ་སོགས་སུ་མཐོང་རྒྱུ་ཡོད། ཀྲིན་ཧྥིན་ཧོས་ཡིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་སྡོད་དམངས་ཀྱི་ཁྱིམ་དང་། ལས་ཁུངས་དང་ལས་དོན་ལས་ཁུངས། ཁེ་ལས་སོགས་སུ་དྲིལ་སྒྲོག་བྱས་པ་དང་། ཁུངས་སྣེ་རྟོག་དཔྱོད་བྱས་པའི་མི་སྟོང་གསུམ་ལྷག་ལ་སླེབས།

གྱོད་གཞི་ཆེན་པོ་རེ་རེ་རྩད་ཆོད་དགོས་ན་མང་ཚོགས་ཀྱི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད་པ་དང་། མང་ཚོགས་ལ་བརྟེན་པ་དང་། མང་ཚོགས་དང་མཐུན་སྒྲིལ་བྱས་ན། ད་གཟོད་གཞི་རྩའི་སྟེང་ངན་ནག་སྟོབས་ཤུགས་རྩ་རྫོགས་བྱས་ནས་ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱི་ཕན་འབྲས་ནང་རྐྱེན་གྲུབ་ཐུབ།

ན་གོར་མོ་གྲོང་ཁྱེར་ཀྲའོ་ཀྲན་ཞིན་ནག་ཚོགས་དང་། ཚྭ་འདམ་གཞོང་ཨིན་ཁི་ནག་ཚོགས་རྩ་འཛུགས་ཀྱི་གྱོད་གཞི་རྩད་ཆོད།

ནག་འཇོམས་ངན་སེལ་ནི་མི་དམངས་ཀྱི་འཐབ་རྩོད་ཅིག་ཡིན་པ་དང་། སྤྱི་བདེ་དཔུང་ཁག་གཅིག་པུས་འཐབ་རྩོད་ལ་བརྟེན་ན་ཧ་ཅང་དཀའ་བ་རེད། ང་ཚོས་རྩད་ཆོད་པའི་ངན་ནག་སྟོབས་ཤུགས་ཀྱི་གྱོད་གཞི་ལ་གཞིགས་ནས་བཤད་ནའང་། མང་ཚོགས་ཀྱིས་ཁུངས་སྣེ་ཞུ་གཏུག་བྱས་པ་དེས་ང་ཚོས་གྱོད་གཞི་མྱུར་མོར་རྩད་ཆོད་པར་རོགས་རམ་ཆེན་པོ་བྱས་ཡོད་ཅེས་མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀོ་ཆིན་གྱིས་མཚམས་སྦྱོར་བྱས་བྱུང་།

ལོ་ངོ་གཅིག་ལྷག་གི་རིང་ནི་མཚོ་ནུབ་ཁུལ་གྱི་ཉེན་རྟོག་པར་མཚོན་ནས་བཤད་ན་བརྗེད་ཐབས་བྲལ་བ་ཞིག་རེད། ཉིན་ཞག་མང་པོར་གོང་འོག་སྟོབས་ཤུགས་མཉམ་འབྲེལ་བྱས་ནས་ངན་ནག་སྟོབས་ཤུགས་ལ་བློ་གྲོས་དང་དཔའ་སྤོབས་ཐད་ནས་འཐབ་རྩོད་བྱས་ལ། གཡུལ་འགྱེད་གཅིག་འཕྲོ་གཅིག་ལ་བྱུང་བས། ནག་འཇོམས་ངན་སེལ་གྱི་འགན་འཁྲི་སྔར་ལས་ལྗིད་ཅིང་ཡུན་རིང་བ་རེད། ཡིན་ན་ཡང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པའི་ཁོ་ཚོར་མཚོན་ན། རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ལམ་བུ་སྔར་ལས་ཇེ་ཡངས་སུ་སོང་། ངན་ནག་སྟོབས་ཤུགས་ཡོད་ཚད་རྩད་རྫོགས་དང་། བདེ་འཇགས་སྲུང་བའི་ལས་འགན་ལྗིད་མོ་ཕྲག་ཏུ་ཡོད་པས། ཡིད་ཆེས་བརྟན་པོ་ཡོད།

                                                                                                           ལོ་ཙཱ། ཚེ་རིང་སྒྲོལ་མ།