མཚོ་སྔོན་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྔར་ལས་གཏིང་ཟབ་ཏུ་སྤེལ།
2019.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 73

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཙུའུ་ཁོངས་མི་ཧྲའོ་ཡོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཤུགས་ཆེན་པོས་འགན་འཁྲི་ཁག་ཁུར་ལ་ཤུགས་སྣོན་དང་འགོ་ཁྲིད་རྩ་འཛུགས་སྔར་ལས་ཇེ་དྲག་ཏུ་བཏང་བར་མ་ཟད། དེ་བསྟུན་གྱི་བྱ་བ་ཆེད་དུ་གཉེར་སའི་གཞུང་སྒྲུབ་ཁང་བཙུགས། ལོ་གསུམ་གྱི་སྤྱིའི་དམིགས་འབེན་དཀྱིལ་སྙིང་དུ་བཟུང་ནས། ལག་བསྟར་ཇུས་གཞི་གཏན་འབེབས་བཟོས་པ་དང་དུས་ལྟར་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱས་པ། འོས་འཚམ་གྱི་སྒོ་ནས་བརྡར་གཅོད་དབྱེ་ཞིབ་བྱས་ཏེ། ཆེད་དོན་འཐབ་རྩོད་ཀྱི་འོས་འགན་དངོས་འབེབས་ཡོང་བར་འགན་ལེན་ཁག་ཐེག་བྱས་ནས། མུ་མཐུད་དུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སར་སྤེལ། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་ཁྱོན་བསྡོམས་གྱོད་དོན་ཁུངས་སྣེ་ཉིས་བརྒྱ་དང་བཞི་རྩད་ཆོད་པ་དང་། སྔ་གཞུག་ཏུ་ནག་འཇོམས་ངན་སེལ་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་ཐེངས་སྟོང་ལྔ་ལྷག་བསྒྲུབས་ནས། མང་ཚོགས་ཀྱི་ཤེས་རྟོགས་དང་ཟབ་ཞུགས་ཀྱི་ཚད་སྔར་ལས་ཇེ་མཐོར་བཏང་བར་མ་ཟད། ཕན་འབྲས་ལྡན་པའི་སྒོ་ནས་ཁྲིམས་འཛིན་སྲིད་འཛིན་གྱི་འགན་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་མཐར། དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས།

ལོ་ཙཱ་བ། བན་དེ་སྐྱབས།