མཚོ་སྔོན་གྱིས་ཞིབ་གཅོད་བྱས་པའི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་གྱོད་དོན་གཉིས་བསྒྲགས།
2019.06.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་ཁྲིམས་ཁང་དང་པོའི་ཁྲིམས་དཔོན་ཆི་གོ་ཆིན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་མ་ཟད་ཞིབ་གཅོད་བྱས་པའི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་གྱོད་དོན་གཉིས་བསྒྲགས།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བསྡོམས་པས་ནག་ངན་སྟོབས་ཤུགས་ཀྱི་ནག་ཉེས་གྱོད་དོན་དོན་གཉིས་དང་མི་དྲུག་བརྒྱ་དང་ཉེར་གཉིས་བདག་སྤྲོད་བྱས་པ་དང་། གྱོད་དོན་ང་དྲུག་ལ་མི་སུམ་བརྒྱ་ཞེ་གསུམ་ལ་ཞིབ་གཅོད་བྱས་ཚར་ཞིང་། གྱོད་ཐག་བཅད་ཚད་བརྒྱ་ཆའི་དོན་བདུན་ལྷག་ལ་སླེབས། དེའི་ནང་དུ་འདྲི་གཅོད་ཐེངས་དང་པོའི་ཁྲོད་ནས་གྱོད་དོན་ང་གཅིག་དང་མི་བཞི་བརྒྱ་སོ་གཅིག་བདག་སྤྲོད་བྱས་པ་དང་། གྱོད་དོན་ཞེ་གཅིག་དང་མི་ཉིས་བརྒྱ་ཞེ་དྲུག་ལ་ཞིབ་གཅོད་བྱས་ཤིང་། གྱོད་ཐག་བཅད་ཚད་བརྒྱ་ཆའི་བརྒྱད་ཅུ་ལྷག་ལ་སླེབས། འདྲི་གཅོད་ཐེངས་གཉིས་པའི་ཁྲོད་ནས་གྱོད་དོན་ཉེར་གཅིག་དང་མི་བརྒྱ་དང་གོ་གཅིག་བདག་སྤྲོད་བྱས་པ་དང་། གྱོ་དོན་བཅོ་ལྔ་དང་མི་གོ་བདུན་ལ་ཞིབ་གཅོད་བྱས་ཤིང་། གྱོད་ཐག་བཅད་ཚད་བརྒྱ་ཆའི་དོན་གཅིག་ལྷག་ལ་སླེབས།

ཞིབ་གཅོད་བྱས་པའི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་གྱོད་དོན་གཉིས་བསྒྲགས་པའི་ནང་གི་གྱོད་དོན་དང་པོ་ནི་བརྩོན་འགྲུས་ག་གེ་མོ་སོགས་མི་བཅུས་ཁྲིམས་དང་འགལ་ནས་ས་ཞིང་བཀོལ་དབང་བརྒྱུད་འཚོང་དང་ལོག་འཚོང་བྱས་པའི་གྱོད་དོན་དེ་རེད།

ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་ཏེ་ཤེས་པ་ལྟར་ན། ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་རྡོ་འཕྲང་སྡེ་བའི་རུ་ཁག་ལྔ་པའི་རུ་དཔོན་བརྩོན་འགྲུས་ག་གེ་མོ་སོགས་ཀྱིས་རང་སྡེ་བའི་སྡེ་མི་ཁ་ཤས་རྩ་འཛུགས་ཀྱིས་འདེམས་སྒྲུག་གི་བྱེད་ཐབས་སྤྱད་དེ་ཁོར་སྲུང་ཚན་ཆུང་གི་མིང་གིས་ཁྲིམས་འགལ་རྩ་འཛུགས་བཙུགས་ལ། རྩ་འཛུགས་དེར་གཏན་འཇགས་ཀྱི་མི་སྣ་བཅུ་ཡོད་པས། བསྡུས་མིང་ལ་མི་བཅུའི་ཚན་ཆུང་ཟེར་བ་དང་། ཚོགས་མི་ཕལ་ཆེར་གཏན་འཇགས་ཡིན་པའི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་རྩ་འཛུགས་ཤིག་གྲུབ་ཡོད། རྩ་འཛུགས་དེའི་ཞུ་སྦྱོར་ཕྱི་མ་བ་བརྩོན་འགྲུས་ག་གེ་མོས་བསྟུད་མར་ལོ་མང་པོར་རྩ་འཛུགས་ཀྱི་ཁོངས་མིའི་འགན་ཁུར་བ་ལས་གཞན་པའི་ཁོངས་མི་དགུ་བོ་ནི་ལོ་རེ་བཞིན་འདེམ་སྒྲུག་བྱེད་བཞིན་ཡོད། མི་བཅུའི་ཚན་ཆུང་ཞེས་པ་དེར་ཁོར་ཡུག་ཚན་ཆུང་ཞེས་པའི་མིང་བཏགས་ནས། ཕྱི་ཕྱོགས་ལ་ཞིང་སའི་དོ་དམ་དང་། ཁོར་ཡུག་སྲུང་སྐྱོབ། དམངས་ཁྲོད་ཀྱི་རྩོད་གཞི་འདུམ་སྒྲིག་བཅས་ཀྱི་འགན་ཁུར་ཡོད་པར་བསྒྲགས་ནའང་། དོན་དངོས་སུ་ཁྲིམས་དང་འགལ་ནས་སྡེ་བ་གཞུང་གི་ས་ཞིང་བརྒྱུད་འཚིང་བྱེད་པ་དང་། བཙན་གྱིས་ཉོ་འཚོང་བྱེད་དུ་འཇུག་པ། སྡེ་མིས་རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་བྱ་དགའི་གསབ་དངུལ་ལེན་པར་བཀག་འགོག་བྱེད་པ་སོགས་ཁྲིམས་འགལ་གྱི་སྦྱོར་བ་སྤེལ་ནས། ས་དེའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཨུ། སྲིད་གཞུང་བཅས་ཀྱི་རྒྱུན་ལྡན་གྱི་བྱ་བའི་སྒྲིག་ལམ་ལ་གཏོར་བརླགས་ཆེན་པོ་བྱས་ཏེ། སྤྱི་ཚོགས་སྟེང་ཤན་ཤུགས་ཅུང་ངན་པ་བཟོས། ཞུ་སྦྱོར་ཕྱི་མ་བ་བརྩོན་འགྲུས་ག་གེ་མོ་སོགས་མི་བཅུས་ས་ཞིང་དོ་དམ་སྡེ་ཁག་གི་ཞིབ་མཆན་ཐོ་འགོད་མ་ཐོབ་པའི་གནས་ཚུལ་འོག ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་སྔ་གཞུག་ཏུ་ཐེངས་ལྔ་ལ་སྡེ་བ་གཞུང་གི་ས་ཞིང་བཀོལ་དབང་ཁྲིམས་འགལ་གྱིས་བརྒྱུད་འཚོང་བྱས་པ་དང་། ས་ཞིང་མུའུ་ཞེ་དགུ་ལྷག་ཁྲིམས་འགལ་གྱིས་བརྒྱུད་འཚོང་དང་ལོག་འཚོང་བྱས་ཏེ། སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཅིག་གི་ཁྲིམས་འགལ་ཁེ་སྤོགས་བླངས་པ་དང་། སྡེ་བ་ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་བྱས།

ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་དེ། ཁྲིམས་འགལ་གྱིས་ས་ཞིང་བརྒྱུད་འཚོང་དང་ལོག་འཚོང་བྱས་པའི་ཉེས་མིང་གིས་ཞུ་སྦྱོར་ཕྱི་མ་བ་བརྩོན་འགྲུས་ག་གེ་མོ་སོགས་ལ་ཁྲིམས་ལྟར་ལོ་དྲུག་ནས་ལོ་གསུམ་དང་ཟླ་དྲུག་བར་གྱི་ཚད་མི་འདྲ་བའི་བཙོན་འཇུག་གི་ཁྲིམས་ཆད་བཅད་པར་མ་ཟད། སྒོར་འབུམ་གསུམ་དང་ཁྲི་ལྔ་ནས་འབུམ་གཉིས་བར་ཚད་མི་འདྲ་བའི་དངུལ་ཆད་བཅད།

ཞིབ་གཅོད་བྱས་པའི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་གྱོད་དོན་གཉིས་བསྒྲགས་པའི་ནང་གི་གྱོད་དོན་གཉིས་པ་ནི་དབང་ག་གེ་མོ་སོགས་མི་བཅུ་གཉིས་ཀྱིས་ཁྲིམས་དང་འགལ་ནས་གཏེར་ཁ་སྔོག་འདོན་བྱས་པའི་གྱོད་གཞི་རེད།

ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་ཏེ་ཤེས་པ་ལྟར་ན། ནང་ཆེན་རྫོང་ཤར་མདའ་གྲོང་རྡལ་རྡོ་འཕྲང་སྡེ་བའི་སྔོན་ཆད་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབང་ག་གེ་མོས་སྡེ་བ་དེའི་སྡེ་མི་གཞན་པ་བཅུ་གཅིག་དང་མཉམ་དུ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར། ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གི་མིང་གིས་ཁྲིམས་འགལ་རྩ་འཛུགས་མི་དགུའི་ཤོག་ཁག་ཅེས་པ་ཞིག་བཙུགས་ལ། རྩ་འཛུགས་དེར་གཏན་འཇགས་ཀྱི་ཁོངས་མི་དགུ་ཡོད་པས། མིང་ལ་མི་དགུའི་ཤོག་ཁག་ཟེར་ཞིང་། ཁོངས་མི་ཕལ་ཆེར་གཏན་འཇགས་ཡིན་པའི་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་རྩ་འཛུགས་ཤིག་གྲུབ། རྩ་འཛུགས་དེས་སྡེ་དམངས་ལ་དོན་དངོས་སྒྲུབ་པའི་མིང་གིས་སྡེ་བའི་དོན་དག་ལ་ཁ་ལོ་བསྒྱུར་བ་དང་། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གཏོར་བརླགས་བྱས། རྩ་འཛུགས་དེས་གོང་གི་ཆོག་མཆན་མ་ཐོབ་པར་སྡེ་མི་ཁ་ཤས་རྩ་འཛུགས་བྱས་ཏེ་བྱེ་མ་བསློགས་ནས་བཙོངས་བ་དང་། ཁྲིམས་འགལ་གྱིས་སྡེ་བ་ཐུན་མོང་གི་ས་ཞིང་ལོག་འཚོང་བྱས་པར་མ་ཟད། ཁྲིམས་འགལ་གྱི་ཡོང་སྒོ་ཁ་ཤས་ཆོས་ཚོགས་བསྡུ་བར་བཀོལ་བ་དང་། མི་གྲངས་ལྟར་དུ་སྡེ་དམངས་ལ་བགོས། མི་དེ་དག་གིས་བསམ་ངན་བཅངས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགོག་རྒོལ་བྱས་པ་དང་། རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་བྱ་དགའི་གསབ་དངུལ་མ་བླངས་པར་མ་ཟད་སྡེ་མིས་དེ་ལེན་པར་བཀག་འགོ་བྱས་ཏེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གྲོང་རྡལ་ཏང་ཨུ། གྲོང་རྡལ་སྲིད་གཞུང་བཅས་ཀྱི་བྱ་བའི་སྒྲིག་ལམ་ལ་གཏོར་བརླགས་བྱས་པས། སྤྱི་ཚོགས་སྟེང་ཤན་ཤུགས་ཅུང་ངན་པ་བཟོས། དེས་མི་ཚད་འབྲེལ་ཡོད་ཞིབ་མཆན་གྱི་འགྲོ་ལུགས་མ་བསྒྲུབས་པར་རྫ་ཆུའི་འགྲམ་ནས་བྱེ་བ་བསློགས་པ་མ་ཟད་ཕྱིར་བཙོངས། བྱེ་མ་བཙོངས་པ་ལས་ཁེ་སྤོགས་སྒོར་འབུམ་གཉིས་དང་ཁྲི་བཞི་བླངས་པ་དང་། ཁྲིམས་དང་འགལ་ནས་སྡེ་བ་ཐུན་མོང་གི་ས་ཞིང་མུའུ་བཅུ་གསུམ་ལྷག་བཙོངས་པ་ལས་ཁེ་སྤོགས་སྒོར་འབུམ་གསུམ་དང་ཁྲི་བདུན་སྟོང་གསུམ་ལྷག་བླངས། ཁྲིམས་འགལ་གྱི་ཁེ་སྤོགས་ཁ་ཤས་སྡེ་མིར་བགོས་པ་དང་། སྡེ་བ་གཞུང་གི་རྒྱུ་ནོར་ཧམ་བཟུང་བྱས།

ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་དང་འགལ་ནས་གཏེར་ཁ་སྔོག་འདོན་བྱས་པའི་ཉེས་མིང་གིས་ཞུ་སྦྱོར་ཕྱི་མ་བ་དབང་ག་གེ་མོ་སོགས་ལ་ཁྲིམས་ལྟར་ལོ་དྲུག་དང་ལོ་གཉིས་བར་ཚད་མི་འདྲ་བའི་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་པར་མ་ཟད། སྒོར་ཁྲི་ལྔ་ནས་ཁྲི་གཅིག་བར་ཚད་མི་འདྲ་བའི་དངུལ་ཆད་བཅད།