ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་འབྲེལ་མཐུད་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་བསྡུས།
2019.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 74

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་འབྲེལ་མཐུད་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་ནས་བསྡུས། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཝུའུ་ཞིན་ཞུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད། ལྟ་སྐུལ་མཛུབ་སྟོན་ཁྲོད་རྙེད་པའི་གནད་དོན་བསྒྲགས་པ་དང་། ལེགས་སྒྲིག་བསམ་འཆར་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གཏམ་བཤད། ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་གཞོན་པ་ཏུའུ་ཝུན་ཧྭ་ཚོགས་འདུར་ཞུགས།

ཝུའུ་ཞིན་ཞུང་གིས་བསྟན་དོན། འབྲེལ་མཐུད་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ནས། མཚོ་སྔོན་གྱི་རིམ་པ་སོ་སོའི་སྡེ་ཁག་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ངོས་ཟིན་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ནག་འཇོམས་ངན་སེལ་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་ཐག་ཆོད་ཡིན་པའི་འོས་འགན་སྔར་ལས་ཇེ་དྲག་ཏུ་བཏང་། དེ་མིན་ད་དུང་ལྟ་སྐུལ་དང་ལེགས་སྒྲིག་བྱེད་ཞོར་དུ་ལག་བསྟར་དང་ལེགས་སྒྲིག་བྱེད་ཤུགས་ཇེ་དྲག་ཏུ་བཏང་། གྱོད་དོན་གཙོ་བོའི་ཐོད་བརྒལ་ལ་བརྟེན་ནས། ཆེད་དོན་གྱོད་གཞིའི་མཁྲེགས་གཏོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་། འགེབ་སྲུང་དྲ་རྒྱ་རིམ་པར་གཏོར་བ་དང་སྒྲིག་འགལ་ནོར་སྲིད་ཡོང་ཁུངས་ལ་རྡུང་རྡེག་གཏོང་བའི་བྱ་བར་ཐོད་བརྒལ་གསར་བ་བྱུང་ལ། རྒྱ་ཆེ་བའི་མང་ཚོགས་ལ་དྲིལ་སྒྲོག་གཏིང་ཟབ་བྱས་པ་དང་། ཧུར་བརྩོན་ཆེན་པོས་སྤྱི་ཚོགས་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་སྟོབས་ཤུགས་གཙོ་བོ་མཐར་སྐྲོད་བཏང་མཐར། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གོ་རིམ་ལྡན་ཞིང་སྟོབས་དང་ལྡན་པའི་སྒོ་ནས་གཏིང་ཟབ་ས་ནས་ཟབ་སར་སྤེལ་ཟེར།

ཝུའུ་ཞིན་ཞུང་གིས་ལྟ་སྐུལ་མཛུབ་སྟོན་ལས་རྙེད་པའི་གནད་དོན་བཏོན་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་འོས་འགན་གཙང་ལེན་བྱེད་པ། བར་མ་ཆད་པའི་སྒོ་ནས་ནག་འཇོམས་ངན་སེལ་མཁྲེགས་གཏོར་འཐབ་རྩོད་ཀྱི་ཆབ་སྲིད་རང་རྟོགས་དང་ལག་ལེན་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས།  གནད་འཕིགས་ཤུགས་འདོན་དང་མཁྲེགས་གཏོར་གྱི་དཀའ་ངལ་སེལ་ཅི་ཐུབ་བྱེད་པ་དང་། ཁྱོན་ཡོངས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་མགོ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་འབད་དེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཏང་ཀྲུང་དབྱང་དང་མཚོ་སྔོན་མི་དམངས་ཀྱི་འདོད་བློ་དང་མཐུན་པར་སྒོ་ཀུན་ནས་འབད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ལྟ་སྐུལ་མཛུབ་སྟོན་བྱ་བས་མཚོ་སྔོན་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁ་གསར་བ་ལེན་པར་མཛུབ་སྟོན་སྟོབས་དང་ལྡན་པ་བྱས་པ་དང་། དེ་བསྟུན་གྱི་སྐུལ་སྤེལ་ནུས་པ་གལ་ཆེན་བཏོན། རིམ་པ་སོ་སོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དངོས་འབེབས་མཐར་ཕྱིན་བྱས་ནས། ནན་ཏན་སྒོས་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་བསམ་འཆར་དངོས་འབེབས་དོན་འཁྱོལ་བྱེད་དགོས། མུ་མཐུད་དུ་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་ནས། གནོན་ཤུགས་རིམ་པར་བརྒྱུད་སྤྲོད་བྱས་ཏེ། སྙིང་སྟོབས་ཡར་སློང་རྒྱུ་དང་འོས་འགན་དངོས་འབེབས་དོན་གནད་ཡོང་བར་བྱེད་པ། མུ་མཐུད་དུ་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་པ། ལས་དོན་ལ་བསྐྱར་དུ་བཀོད་སྒྲིག་དང་སྐུལ་སློང་། ལྟ་སྐུལ་མཛུབ་སྟོན། དངོས་འབེབས་བཅས་བྱས་ནས། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁ་ཁྱོན་ཡོངས་ནས་མ་ཐོབ་ན་སེམས་ཤུགས་མི་ལྷོད་པར་བྱེད་དགོས། མུ་མཐུད་དུ་གནད་དོན་ལ་རྩད་གཅོད་གཏིང་ཟབ་བྱས་ནས། ལྟ་སྐུལ་གཞུང་སྒྲུབ་ཀྱི་གྱོད་དོན་ཁུངས་སྣེར་ཞིབ་བཤེར་གཙང་མ་བྱེད་དགོས། བཏོན་པའི་གནད་དོན་ལ་ལེགས་སྒྲིག་ཞིབ་གཙང་བྱེད་དགོས། སྣེ་མང་རྙོག་འཛིང་གི་སྣང་ཚུལ་ཅི་ཡོད་ལ་ལེགས་སྒྲིག་བཟང་བོ་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཏང་གི་རྩ་འཛུགས་དང་ཏང་གི་ལས་བྱེད་པ། རིགས་སོ་སོའི་མི་དམངས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འཐབ་རྩོད་སྙིང་སྟོབས་ལ་བརྟེན་ནས་ལེགས་བཅོས་བྱ་བ་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་སྐྱོང་བྱེད་རྒྱུར་མུ་མཐུད་དུ་དོ་སྣང་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ལ་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་སྒུལ་ཤུགས་ལ་བརྩིས་ཏེ། སྒྲུབ་བཞིན་པའི་ལས་དོན་ལྟེ་བར་བཟུང་དགོས། ནག་འཇོམས་ངན་སེལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བརྟེན་ནས་ནག་འཇོམས་ངན་སེལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཆེད་དོན་འཐབ་རྩོད་ཀྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཇེ་མཐོར་བཏང་ནས། དུས་སྔ་མོ་ནས་བྱ་བར་འཆར་འགོད་འཐེན་པ་དང་ལེགས་སྒྲིག་གང་ལེགས་བྱས་ཏེ། ཚད་གཞི་མཐོན་པོའི་སྒོ་ནས་ཀྲུང་དབྱང་དང་མང་ཚོགས་ཀྱི་འདོད་བློ་དང་འཚམ་པའི་ཕན་འབྲས་ལེགས་པོ་ཞིག་ལོན་པར་འབད་འབུངས་བྱེད་དགོས་ཟེར།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཁོངས་མི་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཝང་ཞའོ་དང་། ཐིན་ཅ་ཚའེ། ཝང་ཡུས་ཡན། ཡུས་ཚུང་ལི། དབྱིན་པེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝང་ཀྲིན་ཧྲིན། ཀྲང་ཝུན་ཁོས། ཁྲིན་མེན་ཀོ མིན་ཡུང་ཧྲན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྤྱི་ཆེན་མོ་ལིས་ཙེ་ཡོན། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།