རྩེ་ཆུ་གྲོང་རྡལ་གྱིས་རོགས་རེས་མ་དངུལ་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 79

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་རོགས་རེས་མ་དངུལ་དོ་དམ་བྱེད་ཐབས་ཞེས་པའི་རྩ་དོན་གཞིར་བཟུང་ནས།སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ལག་ཏུ་རོགས་རེས་བསྐྱིས་དངུལ་བཞག་རྗེས། སྡེ་བའི་འགོ་ཁྲིད་ཚན་ཆུང་གིས་ཀྱང་ལྟ་སྐུལ་བྱ་བའི་ཨུ་ཡོན་ལྷན་ཁང་དང་རོགས་རེས་མཐུན་ཚོགས་ཀྱི་ཁོངས་མི་རྩ་འཛུགས་བྱས་ཏེ། རོགས་རེས་མཐུན་ཚོགས་ཀྱིས་སྡེ་བའི་ནང་གི་ཁྱིམ་ཚང་རྣམས་ལ་རོགས་རེས་མ་དངུལ་བསྐྱི་རྒྱུ་དང་བསྐྱིས་ཚད་ལོན་ན་མ་རྩ་དང་སྐྱེད་ཀ་སྦྲགས་མ་ཕྱིར་བསྡུ་བའི་ལས་འགན་སྒྲུབ་ཀྱིན་ཡོད་ཅིང་། ལྟ་སྐུལ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རོགས་རེས་མཐུན་ཚོགས་ཀྱི་ལས་དོན་གཉེར་བ་དྲང་གཞག་ཡིན་མིན་དང་དོན་དངོས་དང་མཐུན་མིན་ལ་ལྟ་སྐུལ་བྱེད་ཀྱིན་ཡོད།

གསར་འགོད་པས་རྩེ་ཆུ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱེད་ཀྱིན་པ།

རོགས་རེས་མ་དངུལ་ཞེས་པ་ནི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱིས་ཁྲིད་སྟོན་བྱེད་པ་དང་།སྡེ་མིས་རང་མོས་ངང་བསྡུར་ཚད་ངེས་ཅན་ལྟར་བསྐྱིས་པའི་རོགས་རེས་མ་དངུལ་ལ་བརྟེན་ནས། ཟུར་སྣོན་ཆ་རྐྱེན་གང་ཡང་མེད་ཅིང་དངུལ་བུན་སྐྱེད་ཀ་ཧ་ཅང་དམའ་བའི་རོགས་རེས་མ་དངུལ་ཁ་གསབ་ཏུ་བྱེད་པ། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གི་མ་དངུལ་འཁོར་རྒྱུག་འདང་ངེས་མེད་པའམ་ཡང་ན་འཁོར་རྒྱུག་བྱེད་ཁག་པའི་གནས་སྟངས་ལ་འགྱུར་བ་གཏོང་བའི་ཆེད་དུ། གོང་རིམ་སྲིད་གཞུང་སྡེ་ཁག་གིས་མར་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མང་ཚོགས་ལ་བསྐྱིས་པའི་རོགས་རེས་མ་དངུལ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དབུལ་སྐྱོར་ལ་ཐུག་ཡོད་པ་དང་འགག་རྩ་ནི་རོགས་རེས་ཡིན་ལ།ཁ་ཕྱོགས་ནི་འཕེལ་རྒྱས་ལ་ཐུག་ཡོད།

རྩེ་ཆུ་གྲོང་རྡལ་གནས་སྤོར་གཏན་སྡོད་གཞིས་ཁུལ་གྱི་ཟུར་ངོས་གཅིག

ང་ཚོས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཆེད། རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ་རྩེ་ཆུ་གྲོང་རྡལ་གྱིས་རོགས་སྐྱོར་བྱེད་ཐབས་གཞན་ཞིག་ལག་བསྟར་བྱས་པ་ནི་རོགས་རེས་མ་དངུལ་ཞེས་པ་འདི་དངོས་འབེབས་བྱས་པ་རེད། རྩེ་ཆུ་གྲོང་རྡལ་གྱིས་གནད་སའི་དབུལ་ཕོངས་སྡེ་བ་གསུམ་སྟེ། རི་ཕྱོར་སྡེ་བ་དང་གཡང་དམར་སྡེ་བ། འབའ་རྩེ་སྡེ་བ་བཅས་གསུམ་ལ་སོ་སོར་རོགས་རེས་མ་དངུལ་སྒོར་ཁྲི་བརྒྱ་ལོ་རེའི་ལོ་འགོར་མར་མང་ཚོགས་ཀྱི་ལག་ཏུ་བསྐྱིས་ཏེ་ལོ་མཇུག་ལ་དུས་ལྟར་ཕྱིར་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་མ་རྩ་དང་སྐྱེད་ཀ་མཉམ་དུ་སྟེར་བཞིན་ཡོད། རོགས་རེས་མ་དངུལ་གྱི་སྐྱེད་ཀ་ཧ་ཅང་དམའ་ཞིང་ནང་སྒོས་སུ་དབུལ་ཕོངས་ཁྱིམ་ཚང་ལ་མཚོན་ན་ཧ་ལམ་སྐྱེད་ཀ་མེད་ཅེས་བཤད་ཆོགཟེར།

 རོགས་རེས་མ་དངུལ་བསྐྱི་སྟངས་དང་ཚད་གཞི་ཡོད་ཚད་མཚོ་སྔོན་ཞིང་ཆེན་གྱི་རོགས་རེས་མ་དངུལ་དོ་དམ་བྱེད་ཐབས་ཞེས་པ་གཞིར་བཟུང་ནས་ལག་བསྟར་དངོས་འབེབས་བྱེད་ཀྱིན་ཡོད་ཅིང་། རྩེ་ཆུ་གྲོང་རྡལ་གྱིས་རོགས་རེས་མ་དངུལ་གྱི་ལས་གཞི་འདི་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་བསྐྱི་འགོ་བརྩམས་པ་དང་། བསྐྱི་དངུལ་གྲངས་འབོར་གྱི་ཆ་ནས་ཀྱང་ཁྱི་ཚང་སོ་སོའི་ཆ་རྐྱེན་དང་དགོས་མཁོར་དམིགས་བཙུགས་ཏེ། ཁྱིམ་རེར་སྒོར་སྟོང་ལྔ་ནས་ཁྲི་གཉིས་ཀྱི་བར་བསྐྱིས་ནས། རོགས་རེས་མ་དངུལ་བསྐྱིས་པ་དེས་སྒོར་མོའི་འཁོར་རྒྱུག་དཀའ་བ་དང་དུས་ལྟར་སྒོར་མོའི་དཀའ་ངལ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་དངོས་ཡོད་གནད་དོན་ཐག་གཅོད་པར་ཕན་ཁེ་གང་མང་བསྐྲུན་ཡོད།

གསར་འགོད་པས་རྩེ་ཆུ་གྲོང་རྡལ་གཡང་དམར་སྡེ་བའི་སྡེ་མི་སྒྲོལ་མ་དོན་གྲུབ་ལ་བཅར་འདྲི་བྱེད་ཀྱིན་པ། 

རྩེ་ཆུ་གྲོང་རྡལ་གྱི་གནད་སའི་དབུལ་ཕོངས་སྡེ་བ་གསུམ་ལས་གཡང་དམར་སྡེ་བ་ལྟ་བུར་མཚོན་ན། སྡེ་བ་ཡོངས་སུ་ཁྱིམ་གྲངས་ཉིས་བརྒྱ་དང་བཅུ་ཡོད་པ་དང་མི་གྲངས་བརྒྱད་བརྒྱ་སོ་བཞི་ཡོད་ཅིང་། དེའི་ཁྲོད་དུ་དབུལ་ཕོངས་ཁྱིམ་ཚང་ལྔ་བཅུ་ཡོད་ལ། དབུལ་ཕོངས་མི་གྲངས་བརྒྱ་དང་གོ་བདུན་ཡོད། ང་ཚོས་རོགས་རེས་མ་དངུལ་གྱིས་ཐད་ཀར་མང་ཚོགས་ལ་ནུས་པ་ག་འདྲ་ཐོན་ཡོད་མེད་ལ་རྒྱུས་ལོན་བྱས་ཏེ་གཡང་དམར་སྡེ་བའི་ཁྱིམ་མི་སྒྲོལ་མ་དོན་གྲུབ་ཚང་དུ་སོང་ནས་ཁོར་དེའི་སྐོར་གྱི་གནས་ཚུལ་དྲིས་པ་ན། ཁོས་བཤད་རྒྱུར། ང་ཚོ་སྡེ་བ་ལྟ་བུར་མཚོན་ན་རོགས་རེས་མ་དངུལ་འདི་ཉིས་སྟོང་བཅུ་བདུན་དང་བཅོ་བརྒྱད་ལོ་སྔ་གཞུག་གཉིས་ལ་བསྐྱིས་པ་དང་། ལོ་རེའི་ལོ་མཇུག་གི་ཟླ་བཅུ་གཅིག་བཅུ་གཉིས་པའི་ནང་བསྐྱིས་ཏེ་ཕྱིར་ལོའང་དུས་ལྟར་མ་རྩ་དང་སྐྱེད་ཀ་གཉིས་ཀ་འཇལ་དགོས། རོགས་རེས་མ་དངུལ་འདིའི་སྐྱེད་ཀ་ཧ་ཅང་ཉུང་ལ་སྐྱེད་ཀའི་ཚད་ཕལ་ཆེར་བརྒྱ་ཆའི་གཉིས་ནས་གསུམ་ཙམ་ཡིན། ངེད་ཚང་ལྟ་བུར་མཚོན་ན། ལོ་རེར་སྒོར་ཁྲི་གཉིས་རེ་བསྐྱིས་ནི་ཡིན། སྒོར་ཁྲི་གཉིས་ཀྱི་སྟེང་ནས་ཡོང་འབབ་སྒོར་སྟོང་བརྒྱད་ལྷག་བཙལ་ཐུབ་པར་མ་ཟད། དེས་སྒོར་མོའི་འཁོར་རྒྱུག་དཀའ་བའི་གནད་དོན་ཅི་རིགས་སེལ་ནས་ཕན་ཁེ་ཆེན་པོ་བསྐྲུན་ཐུབཟེར།

སྡེ་མི་སྒྲོལ་མ་དོན་གྲུབ་ཚང་གི་གཏན་སྡོད་ཁྱིམ་གཞིས་གསར་བ།

 མདོར་ན་རྩེ་ཆུ་གྲོང་རྡལ་གྱིས་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། དབུལ་ཐར་མཁྲེགས་གཏོར་གྱི་བགྲོད་ལམ་སྟེང་ནས་ས་གནས་མང་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་སྒོ་བསྟུན་ཏེ། ཐོན་ལས་དབུལ་སྐྱོར་དང་གནས་སྤོར་དབུལ་སྐྱོར། སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བའི་དབུལ་སྐྱོར། མཉམ་ལས་ཁང་བསྐྲུན་ནས་དབུལ་སྐྱོར་བྱེད་པ། རོགས་རེས་མ་དངུལ་སོགས་ཀྱི་ཐབས་ཤེས་ཅི་ཡོད་སྤྱད་དེ། དེང་སྐབས་རྩ་བའི་ཆ་ནས་གྲོང་རྡལ་ཡོངས་དབུལ་ཐར་བྱེད་ལ་ཉེ་ཞིང་། ཁྱད་པར་དུ་ད་ལོ་ནི་རྩེ་ཁོག་རྫོང་ཆ་ཡོངས་ནས་དབུལ་ཐར་བྱེད་པའི་གནད་འགག་གི་ཡིན་སྟབས། རྩེ་ཆ་གྲོང་རྡལ་གྱིས་རྩེ་ཁོག་རྫོང་ཆ་ཡོངས་ནས་དབུལ་ཐར་འབྱུང་བར་བྱས་རྗེས་མི་དམན་པ་བཞག་ཡོད་པ་གདོན་མི་ཟའོ། །

གཏན་སྡོད་གནས་སྤོར་གཞིས་ཁུལ་གྱི་ཐང་ཆེན། 


གསར་འགོད་པ་ཨ་བརྟན་རྒྱལ་དང་བན་དེ་སྐྱབས།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།