རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་དུ་མིང་ལ་བློ་བཟང་ཟེར་བའི་བོད་རིགས་ན་གཞོན་ཞིག་ཡོད་ལ། ཁོས་རྒྱུན་པར་རྐང་གསུམ་འཁོར་ལོ་བསྐོར་ནས་གསོ་ཕག་སྐྱེལ་འདྲེན་བྱས་པའི་རྐྱེན་གྱིས་སྡེ་མི་ཀུན་གྱིས་ཁོའི་མིང་ལ་ཀུ་རེའི་ཚུལ་ཏུ་ཕག་གསོ་སྦྱིན་བདག་བློ་བཟང་ཞེས་འབོད་བཞིན་ཡོད།
དོན་ངོ་མར་བཤད་ན་སྔོན་ཆད་ཁོའི་ཁྱིམ་ཚང་གི་ཕྱི་ནང་ཀུན་ཏུ་སྦྱིན་བདག་ཅིག་ལ་འཛོམས་དགོས་པའི་དངོས་པོ་གཅིག་ཀྱང་མེད་པར་ཐ་ན་ཁ་རྒྱབ་ཀྱི་གནད་དོན་ཡང་ཐག་གཅོད་དཀའ་བའི་གནས་སུ་ལྷུང་ཡོད། སྐབས་དེར་བཟའ་མི་བདུན་ལས་གྲུབ་པའི་བློ་བཟང་ཚང་ལ་ས་ཁང་རྙིང་བ་གཅིག་དང་འཕྲུལ་རྟ་ཆག་པོ་ཞིག་མ་གཏོགས་རྒྱུ་ནོར་རྩ་ཆེན་གཅིག་ཀྱང་མེད་པར་ཉིན་རེའི་ཟས་ཐུན་གསུམ་པོའང་གོ་རེ་སྐམ་པོ་འགའ་དང་སྔོ་ཚོད་སྡེར་མ་གང་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་དཀའ་ངལ་ཅན་གྱི་མང་ཚོགས་ལ་ང་ཚོས་དམིགས་བསལ་གྱིས་དོ་སྣང་དང་། དམིགས་བསལ་གྱིས་ཤ་ཚ་བ། དམིགས་བསལ་གྱིས་སེམས་ཁུར་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་དཀའ་ཁག་སེལ་རོགས་དང་། མང་ཚོགས་ཀྱི་བདེ་སྡུག་དང་ཚ་གྲང་དུས་དང་རྣམ་པ་ཀུན་དུ་སེམས་ལ་འཛིན་པ། ཏང་དང་སྲིད་གཞུང་གི་དྲོད་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་དགོས་ཞེས་གདམས་པའི་གསུང་བཤད་ཀྱི་དགོངས་དོན་དེ་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་ལག་ལེན་དོན་འཁྱོལ་བྱེད་པའི་སྐབས་འདིར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་། ཏང་གིས་དབུལ་ཐར་མཁྲེགས་གཏོར་ཐད་བཏོན་པའི་སྲིད་ཇུས་རབ་དང་རིམ་པ་དངོས་འབབས་ལག་བསྟར་བྱས་ཏེ། ཞང་དེའི་དབུལ་ནག་གི་གྲས་སུ་ཚུད་པའི་ཡར་ན་གདོང་སྡེ་བའི་སྡེ་མི་བློ་བཟང་ཚང་ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་གནད་འཁེལ་དབུལ་སྐྱོར་གྱི་གྲས་སུ་བཞག་པར་མ་ཟད། དམིགས་བསལ་གྱི་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་པའི་གོ་སྐབས་བྱིན།
སྤྱིར་བཤད་ན་ད་ལོར་ཕོ་ལོ་བཞི་བཅུ་ལ་སོན་པའི་བློ་བཟང་ནི་རང་སྡེའི་གསར་བུ་གཞན་དག་དང་འདྲ་བར་ལྷན་སྐྱེས་ཀྱི་དབང་བོ་རྣམ་ལྔ་ཚང་ཞིང་ལས་བསྒྲུབ་ཀྱི་རྐང་ལག་བདེ་བའི་ཕོ་རྒོད་ཡ་རབས་ཤིག་ཡིན་པས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་དཔྱིད་དུས་ཞིང་ལས་དང་དབྱར་དུས་ཞོར་ལས་གཉེར་ནས་ཡོང་སྒོ་མི་ཉུང་བ་ཞིག་བཙལ་མོད། འོན་ཀྱང་ཁོ་ཚང་ལ་བཟའ་མི་མང་བའི་ཁར་མ་རྒན་དང་ཨ་ཅེ་གཉིས་ནད་པ་ཤ་སྟག་ཡིན་ཕྱིར་ཁོས་ཉིན་མཚན་དུས་དྲུག་ལ་བཙལ་བའི་ཡོང་སྒོ་ཡོད་ཚད་ནད་པ་དེ་གཉིས་ཀྱི་སྨན་རིན་ཁོ་ནར་སྟེར་དགོས། དེ་བས་བློ་བཟང་ཚང་ནི་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་མ་དཔེ་ངོ་མ་ཞིག་ཡིན་པར་གདོན་མི་ཟ།
ཉིས་སྟོང་བཅོ་བརྒྱད་ལོར་སྣང་ར་ཞང་ཏང་ཨུ་དང་སྲིད་གཞུང་གིས་བློ་བཟང་ཚང་གི་འཚོ་བའི་དཀའ་ཁག་ལ་རྒྱུས་ལོན་ཟབ་མོ་བྱས་རྗེས། འབྲེལ་ཡོད་སྲིད་ཇུས་ཀྱི་རྣམ་གྲངས་ལྟར་བློ་བཟང་ཚང་ལ་ཤིང་ཁང་གསར་བ་ཞིག་ལས་ཤིང་ཞོར་ལས་གཉེར་སྤྱད་ལ་རྐང་གསུམ་འཁོར་ལོ་གཅིག་གནངས་བར་མ་ཟད། ཁོ་རང་ཞང་གི་ནགས་སྲུང་པའི་གྲས་སུ་བཞག་པ་ལས་གཞན་སྒོར་ཁྲི་ལྔ་ཡི་སྐྱེད་མེད་དབུལ་བུན་བསྐྱིས་ནས། གཞི་ཁྱོན་ཆུང་བའི་ཕག་གསོ་ར་བ་ཞིག་འཛུགས་གཉེར་བྱས།
གསར་འགོད་པ་བློ་བཟང་ཚང་དུ་བཅར་འདྲི་བྱེད་པར་སོང་བ་ན། བློ་བཟང་གིས་ཏག་ཏག་རྐང་གསུམ་འཁོར་ལོ་བསྐོར་ནས་རྫོང་མཁར་དུ་ཞོར་ལས་གཉེར་བར་འགྲོ་གྲབས་བྱེད་བཞིན་ཡོད་ལ། ཁོས་གསར་འགོད་པ་མཐོང་མ་ཐག་མྱུར་དུ་རྐང་གསུམ་གྱི་སྒག་ཟྭ་སྲ་མོར་བསྡམས་རྗེས་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། ཏང་དང་རྒྱལ་ཁབ་ཀྱིས་ངེད་ཚང་ལྟ་བུའི་དབུལ་ཁྱིམ་མང་པོ་ཞིག་ལ་འདི་ལྟར་རོགས་སྐྱོར་བྱས་ཏེ། མགོར་ཤིང་ཁང་ཕུབ་པ་དང་སྒོར་ཕག་གསོ་ར་བ་བཙུགས་ཡོད་པས། ང་རང་ཉིད་ཀྱིས་ཀྱང་སྔར་ལས་འབད་བརྩོན་བྱས་ཏེ། སྔ་མོ་ནས་དབུལ་ཐར་བྱེད་པར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་ཟེར། འདི་ལྟར་བློ་བཟང་གིས་ཉིན་རྒྱུན་ཕག་གསོ་ར་བའི་ནང་གཙང་ཕྱགས་དང་གཟན་ཆས་མང་པོ་ཞིག་གྲ་སྒྲིག་བྱས་རྗེས། རྐང་གསུམ་འཁོར་ལོ་བསྐོར་ནས་རྫོང་མཁར་གྱི་ཨར་ལས་བཟོ་སྐྲུན་དག་དུ་སོང་ནས་བྱེ་ཟེགས་དང་སོ་ཕག་སྐྱེལ་འདྲེན་སོགས་ཀྱི་ཞོར་ལས་ཆུང་ཆུང་གཉེར་ནས་ཡོང་སྒོ་མི་ཉུང་བ་འཚོལ་བཞིན་ཡོད།
བློ་བཟང་གིས་བཤད་རྒྱུར། ངེད་ཚང་ལ་བསྡོམས་པས་གསོ་ཕག་ཉི་ཤུ་ཡོད་ལ།ད་ལོར་ཕག་དགུ་ཕྱིར་འཚོང་བྱས་པས། བཙོང་རིན་སྒོར་ཁྲི་གཅིག་ལྷག་ཡོད་པ་དང་། ནགས་སྲུང་གི་ཟླ་ཕོགས་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བསྣན་ན་ལོ་རེར་སྒོར་ཁྲི་གཉིས་ལྷག་གི་ཡོང་སྒོ་ཡོད་སྟབས། ཁྱིམ་ཚང་གི་འཚོ་བའི་ཐད་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་འདི་དག་ཚང་མ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་ཟེར།
གཅན་ཚ་རྫོང་སྣང་ར་ཞང་ཡར་ན་གདོང་སྡེ་བ་ནི་ཞིང་ལས་གཙོ་གཉེར་གྱི་སྡེ་བ་ཞིག་ཡིན་པས། སྡེ་མི་ཕལ་ཆེ་བས་ཞིང་ལས་ཀྱི་ཡོང་སྒོ་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ལ། བློ་བཟང་ཚང་གི་ཞིང་ས་དེ་འདྲའི་ཆེ་རྒྱུ་མེད་རུང་། འོན་ཀྱང་བློ་བཟང་གིས་ས་ལག་མཐིལ་ཙམ་ཡང་རང་དགར་དུ་མ་བསྐྱུར་བར་བཀོལ་སྤྱོད་བྱས་ཏེ། ལོ་རེར་འབྲུ་རིགས་དང་སྔོ་ཚོད་རེས་མོས་སུ་འདེབས་བཞིན་ཡོད་སྟབས། ཞིང་ལས་ཐད་ཀྱི་ཡོང་སྒོ་ཁོ་ནས་ཀྱང་ཕག་གསོ་སྤྱད་ཀྱི་གཟན་ཆས་དང་བྱིས་པ་དག་གི་སློབ་སྦྱོང་གི་ཡོ་བྱད་ཉོ་ཐུབ་པ་རེད།
བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་དཔེ་ལྟར་བློ་བཟང་གིས་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་བྱས་ཤིང་། རང་ཉིད་ཀྱིས་སེན་མགོ་རྣག་དང་སེན་རྟིང་ཁྲག་ལྟར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་སྟབས། གཞི་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་འབྱོར་ཕྱུག་གི་ལམ་བུ་བསྙེགས།
གསར་འགོད་པ། ཨ་བརྟན་རྒྱལ་དང་བན་དེ་སྐྱབས།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།