བྱང་མོ་སྐྱིད་དང་ཁོ་མོའི་བྲག་དམར་སྡེ་བ།
2019.12.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36

ལོ་གཉིས་ཀྱི་སྔོན་ལ། ཐུན་ཏེ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བྱེད་བྱང་མོ་སྐྱིད་རྫོང་ཐོག་དང་བར་ཐག་སྤྱི་ལེ་ཉེར་གསུམ་གྱིས་ཆོད་པའི་རྐ་འབའ་སུམ་མདོ་གྲོང་རྡལ་བྲག་དམར་སྡེ་བར་སོང་སྟེ། བྲག་དམར་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར།

བྲག་དམར་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་བྱང་མོ་སྐྱིད།

ང་ཚོ་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲི་ཚོགས་པའི་རླངས་འཁོར་རྫོང་ཐོག་ནས་ལ་དང་ལུང་བ་བརྒྱུད་དེ་དུས་ཚོད་གཅིག་རིང་བགྲོད་མཐར། གཞི་ནས་བྲག་དམར་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་སུ་ཐོན། ཉི་ཟེར་གྱི་འཛུམ་མདངས་ཀློང་ན་བྲག་དམར་སྡེ་བ་ནི་ལྷིང་འཇགས་ཀྱིས་གནས་ཤིང་།སྡེ་བ་ཧྲིལ་བོ་རྐ་རྒན་ཁོགས་ཞེས་པའི་ལུང་བ་དེའི་ནང་དུ་ཆགས་ཡོད་ཅིང་། བྲག་དམར་སྡེ་བ་ཡོངས་ལ་ཁྱིམ་ཚང་གྱ་བཞི་ཡོད་པ་དང་དེའི་ནང་དབུལ་ཁྱིམ་བཅོ་བརྒྱད་ཡོད་ལ། སྡེ་བའང་ཐུན་ཏེ་རྫོང་གི་དབུལ་ཕོངས་སྡེ་བའི་གྲས་སུ་གཏོགས།

སྡེ་སྡོད་ཧྲུའུ་ཅི་དང་པོ་བྱང་མོ་སྐྱིད་ཀྱིས་བྲག་དམར་སྡེ་བས་ཕྱུགས་ལས་གཉེར་བའི་ཞོར་དུ་ད་དུང་ས་མུའུ་བརྒྱད་བརྒྱའི་སྟེང་གཟན་རྩྭ་བཏབ་ནས་བཙོང་བཞིན་པའི་གནས་ཚུལ་དེར་རྒྱུས་ལོན་བྱུང་རྗེས། བྲག་དམར་སྡེ་བ་འཕེལ་རྒྱས་སུ་འགྲོ་དགོས་ན་གནད་འཁེལ་དབུལ་སྐྱོར་ཀྱི་རྣམ་གྲངས་ལ་བརྟེན་པ་དང་། སྡེ་བའི་ཁྱད་ཐོན་ཐོན་རྫས་བསྐྲུན་པ། མང་ཚོགས་རང་ཉིད་ཀྱི་རྩོལ་བར་བརྟེན་ནས་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱ་རྒྱུའི་སེམས་ཐག་བཅད།  བྱང་མོ་སྐྱིད་ཀྱིས་ཐོག་མར་སྡེ་བའི་ནང་དུ་གྲོ་མ་འདེབས་པའི་ཐོན་ལས་ཞིག་གཉེར་རྒྱུའི་གྲོས་མགོ་བཏོན་པ་དང་། དེའི་འཕྲོར་ཐུན་ཏེ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་ལ་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་བསླངས་ནས་གྲོ་མའི་ཐོན་ལས་གཉེར་བའི་ཕྱོགས་ལ་མཐུན་རྐྱེན་བསྐྲུན། དེ་ལ་བྲག་དམར་སྡེ་བའི་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱས་པས། ཁོ་མོས་རྩེ་ཁོག་གི་གྲོ་མའི་ས་བོན་ཀུང་ཟི་ཞིག་ལ་འབྲེལ་བ་བྱས་ནས་གྲོ་མའི་ས་བོན་ལག་ཏུ་ཐོན་པ་དང་། དེ་ནས་སྡེ་བའི་ས་མུའུ་བརྒྱའི་སྟེང་དུ་གྲོ་མ་བཏབ། དེ་ནི་ཐུན་ཏེ་རྫོང་ཧྲིལ་བོ་ནས་ཐོག་དང་པོར་གཉེར་བའི་གྲོ་མའི་ཐོན་ལས་རེད།

ཉིན་དེར། བྲག་དམར་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ན་སྡེ་མི་རྡོ་མོ་ཡིས་གྲོ་མ་ཉི་མར་སྐམ་བཞིན་འདུག མོས་གྲོ་མ་སྐམ་པའི་ལས་ཀ་འདི་ཚེགས་ཧ་ཅང་ལྗིད་ནའང་། གྲོ་མའི་ཐོན་འབབ་ལེགས་ལ། ཡོང་སྒོ་བཟང་བས་སེམས་པ་ཧ་ཅང་སྐྱིད་ཟེར།  བྱང་མོ་སྐྱིད་ཀྱིས་བཤད་ན། ད་ལོར་ས་མུའུ་ཉེར་བརྒྱད་ཀྱི་སྟེང་ནས་གྲོ་མ་རྒྱ་མ་ཁྲི་གཅིག་དང་སྟོང་གཉིས་ཐོན་པ་དང་། དེའི་འགྲོ་སྒོ་ཐམས་ཅད་ཕུད་ན་ད་ལོ་སྡེ་བར་ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་གཅིག་ཡོད་པ་དང་། གལ་ཏེ་ས་གཞན་པའི་སྟེང་གི་གྲོ་མ་རྣམས་ཀྱང་བརྐོ་ཐུབ་པ་བྱུང་ན། བྲག་དམར་སྡེ་བའི་ཁྱིམ་ཚང་རེ་ལ་གྲོ་མ་གཅིག་པུའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་རེ་ཡོད་རྒྱུ་རེད་ཟེར།

བྲག་དམར་སྡེ་བའི་སྔོན་ཆད་ཀྱི་ཀྲི་པུའུ་ཧྲུའུ་ཅི་པད་མ་ཚེ་ཁོ་ནི་སྤྱི་ཚོགས་གསར་རྙིང་གཉིས་བརྒྱུད་མྱོང་མཁན་ཞིག་ཡིན་པ་དང་། ཁོས་བཤད་ན་སྔོན་ཆད་བྲག་དམར་སྡེ་བའི་མི་ཚང་མར་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུའི་ཐད་ནས་འདང་རྒྱག་མེད་ཀྱང་། ཐོན་ལས་ལ་བརྟེན་ནས་ཡོང་སྒོ་བཙལ་རྒྱུ་དེ་སེམས་ལའང་དྲན་མ་མྱོང་མོད། ད་ལྟ་ཁོ་ཚོའི་འཚོ་བར་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཟེར།

བྲག་དམར་སྡེ་བའི་སྔོན་ཆད་ཀྱི་ཧྲུའུ་ཅི། པད་མ་ཚེ་ཁོ།

དབུལ་ཕོངས་སྡེ་མི་ཚེ་རིང་དོན་འགྲུབ་ཚང་ལ་བཟའ་མི་བརྒྱད་ཡོད་པ་དང་། ངལ་རྩོལ་ལ་ཞུགས་ཐུབ་པའི་མི་ལྔ་ཡོད། ཁོ་ཚོས་གྲོ་མ་བརྐོས་ནས་ཟླ་གཅིག་གི་ནང་ལ་མི་རེས་ཡོང་སྒོ་སྒོར་མོ་སྟོང་གསུམ་རེ་བླངས་ཡོད་ལ། དེ་ནི་སྔོན་ཆད་གཟན་རྩྭ་འདེབས་པ་དང་བསྡུར་ན། ཡོང་སྒོ་ཤིན་ཏུ་བཟང་པོ་ཞིག་རེད། ད་ལྟ་བྲག་དམར་སྡེ་བའི་མི་རྣམས་གཅིག་རྗེས་གཅིག་སྙེག་གིས་གྲོ་མའི་ཡོང་སྒོ་བཙལ་བའི་ལས་ལ་བྲེལ་བཞིན་འདུག

བྲག་དམར་སྡེ་བའི་དབུལ་ཕོངས་ཁྱིམ་མི། ཚེ་རིང་དོན་འགྲུབ།

བྲག་དམར་སྡེ་བར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཞིག་བསྒྲུབ་རྒྱུའི་འཆར་གཞི་ཞིག་སྔ་མོ་ནས་ཡོད་མོད། འོན་ཀྱང་མ་དངུལ་ཐད་ལ་དཀའ་ངལ་ཆེ་བས། ལག་ལེན་དུ་བསྟར་མ་ཐུབ། སྡེ་སྡོད་ཧྲུའུ་ཅི་དང་པོ་བྱང་མོ་སྐྱིད་ཀྱིས་གནས་ཚུལ་དེ་ཤེས་རྗེས། ཐུན་ཏེ་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་ལ་གནས་ཚུལ་དེ་ཡར་ཞུ་བྱས་ནས་ཕྱུགས་ཁང་དང་གཟན་རྩྭ་འཇོག་སའི་ཁང་བ་ལས་སྤྱད་སྒོར་མོ་འབུམ་གསུམ་དང་ཁྲི་བཞི་སྟོང་གསུམ་བདུན་བརྒྱ་བརྩོན་ལེན་བྱས་པ་དང་། མཉམ་ལས་ཁང་དེའི་ནང་མ་མོ་ཉོ་སྤྱད་ཀྱི་ཁ་གསབ་སྒོར་མོ་འབུམ་དྲུག་གི་རྣམ་གྲངས་ཀྱང་ལག་ཏུ་ཐོན་ཡོད་པས། ཁྱིམ་ཚང་གཅིག་གིས་མ་མོ་དྲུག་རེ་ཉོས་ནས་མཉམ་ལས་ཁང་དུ་བཞག་པ་དང་། ད་ལྟ་མཉམ་ལས་ཁང་དུ་མ་མོ་ལྔ་བརྒྱ་ལྷག་ཡོད་ལ། ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས་ཤིང་། སྡེ་བའི་མང་ཚོགས་རྣམས་སྔོན་ཆད་ལྟར་ཁོམ་ནས་འདུག་མཁན་གཅིག་ཀྱང་མེད།

བྲག་དམར་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་གསོས་པའི་མ་མོ།

དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད། བྲག་དམར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་ལར་ཕྱུགས་ཟོག་གི་རོགས་སྐྱོར་ཐོབ་པ་དང་། ཁྱིམ་ཚང་ལ་ལར་རྐང་གསུམ་འཁོར་ལོའི་རོགས་སྐྱོར་ཐོབ་ཡོད། ཡིན་ནའང་། འཕྲུལ་ཆས་དེ་དག་བེད་སྤྱོད་བྱེད་ཀྱིན་མེད་པའི་གནས་ཚུལ་མཐོང་རྗེས། བྱང་མོ་སྐྱིད་ཀྱིས་ཐུན་ཏེ་རྫོང་ཐོག་གི་ཨར་ལས་འཛུགས་སྐྲུན་བྱེད་སར་འབྲེལ་བ་བྱས་ཏེ། དར་སྐྱིད་རྒྱལ་དང་། གུ་རུ་འཚོ། ཚེ་རིང་དོན་འགྲུབ་སོགས་སྡེ་མི་སྐོར་ཞིག་དེ་གར་ལས་ཀར་མངགས། སྡེ་མི་ཚོས་རྐང་གསུམ་འཁོར་ལོར་བརྟེན་ནས་ལོ་རེར་སྒོར་མོ་སྟོང་བདུན་ནས་སྟོང་དགུ་བར་གྱི་ཡོང་སྒོ་བཙལ་ཐུབ་པ་བྱུང་། ད་དུང་སྡེ་བའི་ན་གཞོན་ཕོ་མོ་མང་པོ་ཞིག་དགུན་ཁའི་དུས་ཚིགས་ལ་ཁོམ་ཡོད་པས། བྱང་མོ་སྐྱིད་ཀྱིས་ནང་ལོག་གི་ཤོག་སྒམ་དང་། ཁ་པར་གྱི་ཕྱི་ཤུབས་ལས་སའི་ཀུང་ཟི་ཞིག་དང་འབྲེལ་བ་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་ཡིན་པའི་འབྲུག་རྒྱལ་ཚེ་རིང་སོགས་ཀུང་ཟི་དེའི་ནང་ཞོར་ལས་གཉེར་དུ་འགྲོ་རུ་བཅུག་པ་དང་། ཉེ་ལམ་ཁོ་ཚོས་ཧྲུའུ་ཅི་ལ་ཁ་པར་བཏང་སྟེ། རང་གི་འབད་བརྩོན་བྱས་ན་ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་བཞི་དང་ལྔ་བརྒྱ་རེ་ལེན་ཐུབ་ཟེར། སྡེ་བའི་མང་ཚོགས་ལ་ལས་ཀ་བཙལ་བའི་གོ་རིམ་དེ་ནི་ཅུང་དཀའ་ཚེགས་ཆེ་བ་ཞིག་ཡིན་ནའང་། སྡེ་མི་ཚོས་ཡོང་སྒོ་རྙེད་པའི་གཏམ་བཟང་ཐོས་ཐེངས་རེ་རེར། བྱང་མོ་སྐྱིད་ཀྱི་སེམས་ལ་དགའ་སྤྲོ་འགོག་ཐབས་མེད་པ་ཞིག་སྐྱེས་བཞིན་ཡོད།

བྲག་དམར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་རྒྱལ་གྱིས་བྱང་མོ་སྐྱིད་སྡེ་བ་འདིར་ཡོང་ནས་མང་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་དང་རོགས་རམ་གང་མང་གནང་བས། མང་ཚོགས་ཀྱིས་ཀྱང་ཁོ་མོས་མང་ཚོགས་ཀྱི་དོན་ལ་འབད་པ་བྱས་པ་མཐོང་ཡོད་པ་དང་། ཏང་གི་བཀའ་དྲིན་ཚོར་ཡོད་ལ། སྡེ་སྡོད་ཧྲུའུ་ཅི་དང་པོའི་བཀའ་དྲིན་ཤེས་ཡོད་ཟེར།

ད་ལོ་ལོ་ན་ཉེར་བཞི་ལ་སོན་པའི་དབུལ་ཕོངས་སྡེ་མི་སྨན་བླ་འཚོ་ལ་མཚོན་ན། ཆུང་དུས་ནས་སྒལ་ཚིགས་ཀྱི་ནད་བྱུང་ཡོད་པ་དང་། ཁྱིམ་དུ་ཨ་ཕ་དང་ལོ་བདུན་ཅན་གྱི་བྱིས་པ་གཅིག་ལས་མི་འདུག ན་ནིང་ཁྱིམ་གྱི་ལས་ཀ་ལས་སྐབས་སྟབས་མ་ལེགས་པར་ཐང་ལ་འགྱེལ་ནས་ཁོག་སྨད་འགུལ་མི་ཐུབ་པར་གྱུར་ཅིང་། ཁྱིམ་ཚང་ཤིན་ཏུ་དབུལ་བོ་ཡིན་པའི་རྐྱེན་གྱིས་ནད་བཅོས་བྱེད་མ་ཐུབ་པར་ལུས། བྱང་མོ་སྐྱིད་ཀྱིས་གནས་ཚུལ་དེ་ཐོས་རྗེས། སྐད་འཕྲིན་ཁྲོད་ཀྱི“གཅེས་སེམས་ཀྱི་ཞལ་འདེབས”བརྒྱུད་དེ་སྒོར་མོ་བསླངས་པ་དང་། སྐབས་དེར་སྒོར་མོ་ཁྲི་ལྔ་འདུས་ལ། བྲག་དམར་སྡེ་བའི་ཁྱིམ་ཚང་སོ་སོས་རོགས་སྐྱོར་སྒོར་མོ་ཁྲི་གསུམ་འདུས། ཡིན་ནའང་། སྨན་བླ་འཚོ་གཤགས་བཅོས་བྱེད་པར་སྒོར་མོ་འབུམ་གཅིག་དང་ཁྲི་བརྒྱད་དགོས་པས། སྒོར་མོ་ད་དུང་མང་པོ་ཞིག་ཆད། ཐབས་གཞན་ཟད་པས། ཁོ་མོས་འབྲེལ་ཡོད་སྡེ་ཁག་དང་སྨན་ཁང་སོགས་ལ་འབྲེལ་འདྲིས་བྱས་པ་བརྒྱུད། དམིགས་བསལ་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་བས། མཇུག་མཐར་སྨན་བླ་འཚོ་ལ་གཤགས་བཅོས་བྱེད་ཐུབ་པ་བྱུང་།

གསར་འགོད་པ་སྨན་བླ་འཚོ་ཚང་ལ་ཐོན་དུས། ཁོ་མོ་གཞན་གྱིས་སྐྱོར་མི་དགོས་པར་རང་དགར་གྱིས་ཕར་འགྲོ་ཚུར་འོང་བྱེད་ཐུབ་པ་བྱུང་འདུག གསར་འགོད་པས་བཅར་འདྲི་བྱེད་དུས། མོས་རང་ཉིད་སྨན་ཁང་དུ་སྡོད་པའི་སྐབས་སུ་བྱང་མོ་སྐྱིད་རང་གི་ཕ་མ་ལྟར་དུ་ཉིན་རྒྱུན་མོར་ལྟ་རུ་ཡོང་བར་མ་ཟད། མོའི་དོན་ལ་ཡར་རྒྱུགས་མར་རྒྱུགས་བྱས་ནས་སེམས་ཁྲེལ་བྱས་པར་བཀའ་དྲིན་ཆེ་ཞེས་མིག་ཆུ་འབྱིད་བཞིན་བཤད། བྱང་མོ་སྐྱིད་སྡེ་སྡོད་བྱས་པ་བཟུང་། མོས་རང་ཉིད་ནི་བྲག་དམར་སྡེ་བའི་སྡེ་མི་ཞིག་ཡིན་པའི་བརྟུལ་ཞུགས་བཟུང་སྟེ། བྲག་དམར་སྡེ་བ་སྤྱིའི་འཕེལ་རྒྱས་དང་། སྡེ་མི་ཡོངས་དང་ཁྱད་པར་ཏུ་དབུལ་ཕོངས་ཁྱིམ་ཚང་ཀུན་གྱི་འཚོ་ཚིས་ཆེད་དུ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་འབད་བརྩོན་བྱེད་བཞིན་འདུག

                                   གསར་འགོད་པ། ལྷ་བརྟན། ཕྱུག་ལོ། ཚེ་རིང་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།