ཀོས་ནན་རྫོང་གིས་ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད།
2019.12.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

ལོ་འདི་དག་གི་རིང་ལ། རྒྱལ་ཡོངས་སུ་གོང་འོག་བར་གསུམ་ཀུན་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་གལ་ཆེན་ཞིག་ཀྲུང་གོའི་ས་ཆེན་པོའི་གཞི་ཁྱོན་ཀུན་ལ་ལག་བསྟར་བྱེད་བཞིན་མཆིས་ལ། དེ་ལ་དེར་བསྟུན་གྱི་གྲུབ་འབྲས་ཀྱང་མི་དམན་པ་བླངས་པས། བོད་ཁུལ་ལ་མཚོན་ནའང་མཐོ་རྫ་དང་སྤང་གི་འབྲོག་པ་དང་། དམའ་རྣང་ཞིང་བར་གྱི་རོང་བ་སོགས་སུ་ཡིན་རུང་དབུལ་ཐར་སྲིད་ཇུས་ཀྱི་རོགས་སྐྱོར་མྱངས་ཡོད་ཅིང་དེར་དྲིན་གཟོའི་སེམས་རིས་ཀྱང་བཅངས་ཡོད་ལ། རང་ཉིད་ཀྱི་འབད་འཐབ་ལ་དངོས་མཐོང་གི་འབྲས་བུ་སྨིན་པས། བསྐལ་བ་དུ་མའི་མེད་མུག་དང་དབུལ་ཕོངས་ཀྱི་ཞྭ་མོ་ཡང་རིམ་གྱིས་ལོ་རྒྱུས་ཀྱི་ཆུ་བོ་ལ་བསྐྱུར་བའི་སྟ་གོན་བྱེད་ཀྱིན་ཡོད།

གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་དུ་ཐོན་མ་ཐག  ཀོས་ནན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའི་འབྲེལ་ཡོད་མི་སྣས་ཐད་ཀར་དབུལ་ཐར་འགྲེམ་སྟོན་ཁང་དུ་ཁྲིད་ནས་ཀོས་ནན་རྫོང་གིས་གནད་འཁེལ་དབུལ་སྐྱོར་ལས་དོན་སྤེལ་བའི་བྱ་བའི་བརྒྱུད་རིམ་དང་གྲུབ་འབྲས་ངོ་སྤྲོད་བྱས། ཀོས་ནན་རྫོང་གིས་ས་གནས་ཁྱད་ཆོས་དང་མཐུན་པའི་དབུལ་ཐར་གྱི་བྱེད་ཐབས་སྣ་མང་ལག་བསྟར་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་བཏང་འདུག  རྒྱུས་ལོན་པ་ལྟར་ན། ཀོས་ནན་རྫོང་གིས་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་བ་ལས། ཆེས་འབུར་དུ་ཐོན་ཞིང་གྲུབ་འབྲས་ཀྱང་ཅུང་མངོན་གསལ་ཡིན་པ་ནི་དམངས་ཚིས་ཀྱི་ལས་གཞི་སྣ་ཚོགས་ལག་བསྟར་བྱས་པ་དེ་རེད་ཟེར། དེའི་སྐོར་ནས་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལྷ་མོ་སྐྱབས་ཀྱིས་བཤད་རྒྱུར།

ཏང་དང་སྲིད་གཞུང་གིས་དམངས་ཚིས་ཀྱི་ལས་གཞི་སྣ་ཚོགས་ལག་བསྟར་དངོས་འབེབ་བྱས་པ་དང་། ས་གནས་རང་གི་མང་ཚོགས་ཀྱིས་དེ་ལུགས་མཐུན་བེད་སྤྱོད་བྱས་ཚེ། ད་གཟོད་དབུལ་ཐར་གྱི་དམིགས་ཚད་དང་ཕྱུག་འགྱུར་གྱི་ཆུ་ཚད་དུ་སླེབས་ཐུབ་པ་ཡིན། ཀོས་ནན་རྫོང་གིས་ལས་གཞི་སྣ་ཚོགས་ལག་བསྟར་བྱས་པ་ན། ས་གནས་མང་ཚོགས་ཀྱི་ཡོང་སྒོ་ཡང་ལྡབ་འགྱུར་གྱིས་འཕར་ཞིང་། རྒྱུ་དང་འབྱོར་བའི་ལོངས་སྤྱོད་ཀྱིས་མཐོ་སྒང་གི་རྫོང་མཁར་འདི་ལ་དུས་རབས་གསར་བའི་མཛེས་སྡུག་གི་འཚོ་བ་ཉམས་སུ་མྱོང་དུ་བཅུག་འདུག དཔེ་བཞག་ན་མཚོ་སྔོན་མང་རྫོང་ཙོང་ལ་བཟོ་ཚོང་ཚད་ཡོད་འགན་ལེན་ཀུང་ཟི་ལྟ་བུ་རེད། ཀུང་ཟི་དེ་ནི་ཀོན་ནན་རྫོང་གིས་གཏན་འཁེལ་བྱས་པའི“དབུལ་སྐྱོར་ཁེ་ལས”ཤིག་ཡིན།༢༠༡༤ལོར་སྲིད་གཞུང་གིས་སྒོར་ཁྲི་བཅུ་བཏང་པའི་རྨང་གཞིའི་སྟེང་དུ་འཕེལ་རྒྱས་སུ་ཕྱིན་ཅིང་། དེའི་ནང་དུ་ལས་བཟོ་བ་མི་སོ་གཉིས་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་སྣ་བཅུ་གཉིས་ལྷག་ཡོད།


ཀུང་ཟི་འདིས་ས་གནས་རང་གི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས།ནས་ནག་གིས་ཆང་བསྙལ་བའི་ཐབས་ཤེས་ལ་བརྟེན་ཏེ་ནས་ཆང་ཐོན་སྐྱེད་བྱས་ཤིང་།ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་དུ་ཞིབ་ཚགས་ལྡན་ཞིང་སྤུས་ཀ་ལེགས་པའི་ཕྱོགས་སུ་བརྩོན་ལེན་བྱས་ནས། འཐུང་ན་ཁ་ལ་ཞིམ་ཞིང་ཁོག་ལ་འཕྲོད་པའི་སྤུས་ལེགས་ནས་ཆང་ཐོན་སྐྱེད་བྱེད་པར་འབད་པ་བྱེད་ཀྱིན་མཆིས།

ཙོང་ལ་ནས་ཆང་བཟོ་ཚོང་ཚད་ཡོད་འགན་ལེན་ཀུང་ཟི་ལ་མཚོན་ན། ཞིང་ཆེན་ཕྱི་ནང་ཀུན་ལ་ཁ་གཏད་ནས་ཁྲོམ་རའི་གཞི་རྒྱ་ཆེ་རུ་བཏང་པས། རྒྱལ་ནང་གི་ས་ཆ་སོ་སོ་རུ་ནས་ཆང་ཐོན་རྫས་ཉོ་ཚོང་བྱེད་ཀྱིན་ཡོད་ལ། ལོ་རེའི་ཆ་སྙོམས་ཀྱི་ཁེ་སྤོགས་ཀྱང་ཁྲི་བརྒྱ་དང་སུམ་བཅུ་ཡས་མས་སུ་ཡོད།  ཙོང་ལ་ནས་ཆང་བཟོ་ཚོང་ཚད་ཡོད་ཀུང་ཟིས་རང་གི་ལོ་རེའི་ཡོང་འབབ་ཁྲོད་ཀྱི་སྒོར་མོ་འབོར་ཆེན་བཏང་ནས་ས་གནས་དབུལ་ཕོངས་མང་ཚོགས་ལ་རོགས་རམ་བྱེད་ཀྱིན་ཡོད་མ་ཟད། ས་གནས་ཀྱི་ནས་བསྡུ་ཉོ་བྱས་ཏེ་ཁྲོམ་རའི་རིན་གོང་ལས་ཅུང་མཐོན་པོ་བྱིན་པས། ཀུང་ཟི་འདིའི་འཕེལ་རྒྱས་དང་ཐོན་སྐྱེད་ཧྲིལ་བོ་དམངས་ཕན་གྱི་བྱ་གཞག་དང་འབྲེལ་བ་ངེས་ཅན་ཡོད། ཀུང་ཟིའི་ལས་བཟོ་བ་ལྷ་འབྲུག་རྒྱལ་གྱིས་བཤད་རྒྱུར།“ང་རང་དབུལ་ཕོངས་ཁྱིམ་ཚང་གི་ཡིན། ཀུང་ཟི་འདིའི་ནང་ལས་ཀ་གཉེར་ན་ཟླ་རེར་གླ་ཕོགས་སྒོར་སྟོང་གསུམ་དང་ལྔ་བརྒྱ་རེ་སྟེར་གྱིན་པས།  རང་གི་འཚོ་བར་ཁག་ཐེག་ཡོད་ཀི དེ་ལྟར་བྱས་ན་སྒོར་མོ་བསགས་ནས་ཁྱིམ་ཚང་ལའང་གོ་ཆོད་པས། ཤིན་ཏུ་བཟང་གི། ”

ཀོས་ནན་རྫོང་ལ་མཚོན་ན་འདི་ལྟ་བུའི་ལས་གཞིའི་རྣམ་གྲངས་མང་པོ་ལག་བསྟར་དངོས་འབེབ་བྱས་ནས། མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྣེ་ཁྲིད་ཀྱི་ནུས་པ་མི་དམན་པ་ཐོན་ཡོད་དེ། ཀོས་ནན་རྫོང་མགོ་མང་གྲོང་རྡལ་ཤ་རྒྱ་སྡེ་བ་ནི་རོང་འབྲོག་མཉམ་འདུས་ཀྱི་སྡེ་བ་ཞིག་ཡིན་ལ། སྡེ་བ་དེའི་ཁྱིམ་ཚང་བཞི་བརྒྱ་དང་དྲུག་ཡོད་པ་ཀུན་ལ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་བརྒྱད་དང་རང་ངོས་ནས་སྒོར་ཁྲི་གཅིག་བཅས་ཀྱི་འགྲོ་སོང་བཏང་ནས་མགོ་མང་གྲོང་རྡལ་དུ་ཁྱིམ་རེར་རྨིད་གྲུ་མ་བརྒྱད་ཅུ་ཅན་གྱི་ཁང་བ་ལས་པ་དང་ཆུ་སྲོ་སྤྱད་བཙུགས་ནས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སོགས་ཇེ་ལེགས་སུ་བཏང་པ་དང་། རྫོང་དབུལ་སྐྱོར་ཅུའུ་ཡིས་ད་དུང་སྡེ་གསར་འདིའི་དབུལ་ཕོངས་ཁྱིམ་མི་རེ་རེ་ལ་ལུག་བཅུ་གཅིག་རེ་ཉོས་ཏེ་བྱིན་ཡོད་ལ། སྡེ་བའི་ནང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་པས། མང་ཚོགས་ཚང་མར་སྟབས་བདེ་ཆེན་པོ་བཟོས་འདུག དེའི་ངོས་ནས་སྡེ་མི་སྒྲོལ་མ་རྒྱལ་གྱིས་བཤད་རྒྱུར། “སྔོན་ཆད་ཀྱི་ཁང་པ་སྡེ་བའི་ནང་དུ་ཡོད། ཁང་བ་ཆུང་པ་དང་ནང་དུ་ཅ་ལག་སོགས་ཀྱང་མི་བཟང་། ད་ལྟའི་ཁང་པ་འདི་ནི་རྒྱལ་ཁབ་ཀྱིས་སྒོར་ཁྲི་བརྒྱད་དང་རང་གིས་ཁྲི་གཅིག་བཏང་ནས་ལས་པས། ཁང་པ་དྲོ་ཞིང་གྲོང་རྡལ་དང་ཐག་ཉེ་བོ་ཡོད། འདི་རུ་བྱིས་པ་སློབ་གྲྭར་བསྐྱལ་བ་སོགས་ཕྱོགས་གང་ཅིའི་ཐད་སྟབས་བདེ་རེད། དེ་མིན་དྲོན་པོ་ཡང་རེད། སྔོན་ཆད་ཀྱི་ཁང་པ་ལས་ལྡབ་འགའ་ཡིས་ཆེ་ནི་རེད། རྒྱལ་ཁབ་ཀྱིས་ཕྱུགས་ཟོག་ཀྱང་བྱིན་ཡོད་པས། འཚོ་བའི་ཆ་རྐྱེན་ལ་འདང་རྒྱག་མེད་ཀི”ཟེར།


ཤ་རྒྱ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་སྒྲོལ་མ་རྒྱལ།

ཀོས་ནན་རྫོང་དབུལ་སྐྱོར་ཅུའུ་ཡིས་ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ་དབུལ་སྐྱོར་གྱི་རྣམ་གྲངས་མང་པོ་བརྩོན་ལེན་བྱས་ནས། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་བཏང་ཞིང་། དབུལ་ཕོངས་དང་དཀའ་སྡུག་གི་ལོ་ཟླ་སྐྱ་བོ་ཞིག་རིམ་གྱིས་ཕར་བསྐྱལ་ཞིང་། འབྱོར་ཕྱུག་དང་བདེ་སྐྱིད་ཀྱིས་ཁེངས་པའི་དུས་རབས་གསར་པའི་མཛེས་སྡུག་གི་འཚོ་བ་ལ་ཡོངས་སུ་རོལ་མགོ་བརྩམས་པས་ན། གོང་སྲིད་གཞུང་ནས་འོག་མང་ཚོགས་ཀྱི་བར་དུ་སྲིད་ཇུས་ཀྱི་དྲོད་ཁོལ་ལ་ཡིད་རྟོན་དང་བདེ་སྐྱིད་ཀྱི་ཚོར་བ་ལ་རོལ་མྱོང་བྱེད་ཀྱིན་མཆིས།