མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བ་བདེ་ལེགས་ངང་གྲོལ།
2019.06.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 125

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་སྐབས་ཉི་ཤུ་བ་གྲོལ་བ་དང་། མཚོ་སྐོར་རྒྱལ་སྤྱི་གློག་སྒུལ་འགྲན་རྒྱུག་སྐབས་དྲུག་པའི་དགའ་རྟགས་སྟེར་བའི་མཛད་སྒོ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་བསྡུས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་བཅས་ཀྱིས་སོ་སོར་མཚོ་སྐོར་རྒྱལ་སྤྱི་ལྕགས་རྟ་འགྲན་རྒྱུག་སྐབས་དྲུག་པའི་ནང་བྱ་དགའ་ཐོབ་མཁན་རྣམས་ལ་བྱ་དགའ་བྱིན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཡུལ་དངོས་ནས་ཚོང་གཏམ་གྲོས་ཚོགས་ཀྱི་གྲུབ་འབྲས་ཁྱབ་སྒྲོག་བྱས།

ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཏེ། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་དམ་པོར་བཟུང་ནས། ཤུགས་ཆེན་པོས་ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ཀྱི་སྟེགས་བུ་ཆེས་ཆེར་ཕྱེས་པར་མ་ཟད། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་དགེ་མཚན་དང་མཉམ་ལས་གོ་སྐབས་གསར་བ་མངོན་ཅི་ཐུབ་བྱས། རྒྱལ་ཁབ་བཅུ་དྲུག་དང་། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དགུ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཉེར་དགུ རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་སྟོང་གསུམ་དང་དགུ་བརྒྱའི་ཚོང་པ་ཁྲི་གཅིག་དང་སྟོང་གསུམ་ལྷག་ཐེངས་འདིའི་འགྲེམ་ཚོགས་ལ་ཞུགས། ཁྱོན་བསྡོམས་ཆེད་དོན་བྱ་འགུལ་དྲུག་ཅུ་སྤེལ། མཉམ་ལས་ལས་གཞི་ཉིས་བརྒྱ་དང་རེ་གཅིག་ལ་གྲོས་མཐུན་བཀོད། སྤྱིའི་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ལ་སླེབས། ཚོང་གཏམ་གྲོས་ཚོགས་བསྡུས་པའི་རིང་ལ། གསར་འགྱུར་སྨྱན་བྱད་ལྔ་བཅུའི་གསར་འགོད་པ་བཞི་བརྒྱ་ལྷག་གིས་ཁྱོན་ཡོངས་དང་ཟུར་འདྲ་མིན་མང་པོ་ནས་ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་བསྒྲགས་ཏེ། མཛེས་པའི་མཚོ་སྔོན་གྱི་སྙན་གྲགས་སྔར་ལས་རྒྱས་སུ་བཅུག

ལོ་ཙཱ་བ། བན་དེ་སྐྱབས།