སྒྱུ་རྩལ་འཇོན་མི་སྒར་བ་དགེ་འདུན་ཚེ་རིང་།
2019.06.21 ཁུངས། ཀློག་གྲངས། 289

སྤྱིར་མི་རིགས་ཤིག་གི་རིག་གནས་དེ་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་རིགས་དེའི་དམངས་ཡོངས་ལ་རག་ལས་པའི་འདུ་ཤེས་ཀྱི་བསྐྱེད་འབྲས་ཤིག་ལགས་ཕྱིར། ཀྲུང་གོ་གསར་བ་དབུ་བརྙེས་པ་དང་ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། བོད་ཀྱི་རིག་རྩལ་ཁྱབ་ཁོངས་སུའང་འཛམ་གླིང་གི་ཤེས་རིག་འཕེལ་བའི་གོ་རིམ་ནང་ལག་རྗེས་གྱ་ནོམ་པ་ཞིག་བཞག་དང་འཇོག་མུས་སུ་མཆིས།

སྒར་བ་དགེ་འདུན་ཚེ་རིང་ནི་1984ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གསེར་གཞུང་བོད་རིགས་ཡུལ་ཚོའི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་ལ། ལོ9ནས་བཟུང་སློབ་གྲྭར་འགྲིམ་པ་དང་དེའི་མཚུངས་སུ་དཔའ་ལུང་སེ་ཀྲི་དགོན་དུ་སུམ་རྟགས་དག་གསུམ་དང་བོད་ཀྱི་ཡིག་གཟུགས། ཐང་ག་འབྲི་བཞེངས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱས། 1998ལོའི་ཟླ9པར་བསླབ་ཚན་ཚང་མ་སློབ་མཇུག་སྒྲིལ་ལ།  ཡར་ཁ་རིན་པོ་ཆེའི་གནང་བའི་ནང་བསྟན་ལྷ་བཟོ་བའི་ལག་ཁྱེར་ཐོབ་པ་རེད།

དེའི་རྗེས་ཐང་གའི་སྒྱུ་རྩལ་དེ་ཁོས་ཚེ་གང་གི་དོན་གཉེར་དང་བྱ་གཞག་ཏུ་བཟུང་བ་དང་། 2000ལོར་ལྷ་སར་ཕྱིན་ལ་རི་མོ་མཁས་ཅན་མང་པོར་བསྟེན་ནས་ཐང་གའི་སྒྱུ་རྩལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། སྦྱངས་ཚན་ལེགས་འགྲུབ་བྱུང་རྗེས་རྒྱལ་ས་པེ་ཅིང་དང་།  ཅི་ལིན། ལེའི་ཉིང་སོགས་ས་ཁུལ་གྱི་དགོན་སྡེའི་ནང་ལྡེབས་རིས་དང་ཐང་ག་སོགས་སྒྱུ་རྩལ་བརྩམས་ཆོས་འབོར་ཆེན་བྲིས་པ་རེད། 2006ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྒྱུ་རྩལ་ཚན་ཁག་གི་མི་རིགས་བཟོ་རྩལ་མཛེས་རྩལ་ཇུས་འགོད་ཁ་ཕྱོགས་ཀྱི་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་པ་དང་། དགེ་རྒན་ཆེན་མོ་ཤ་བོ་ཚེ་རིང་དང་པད་གོ་གཉིས་ཀྱི་མཛུབ་ཁྲིད་འོག་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྔར་ལས་ཞིབ་ཚགས་ངང་སྦྱངས་པ་བྱས་ལ། ཆབས་ཅིག་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་། ཆུ་ཚོན་རི་མོ། སྣུམ་ཚོན་རི་མོ། སྐྱ་བྲིས། མགྱོགས་བྲིས་རི་མོ་སོགས་རྒྱལ་ཁབ་ཕྱི་ནང་གི་རི་མོ་འབྲི་རྩལ་དང་བྱ་ཐབས་མི་འདྲ་བར་སློབ་སྦྱོང་གང་ལེགས་བྱས།

དགེ་འདུན་ཚེ་རིང་གི་སྒྱུ་རྩལ་འདུ་ཤེས་དེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་གཞི་ཚུགས་པ་དང་དེང་རབས་སྒྱུ་རྩལ་གྱི་འཚོ་བཅུད་བསྡུ་ལེན་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་ནང་སྙིང་རྒྱུད་འཛིན་བྱ་བ་རྨང་གཞི་བྱས་ཐོག་དེང་དུས་ཀྱི་ཚོང་རའི་དགོས་མཁོ་ལྟར་རང་ཉིད་ཀྱི་ཐང་གའི་སྒྱུ་རྩལ་ཡང་ཐོད་བརྒལ་བྱས་ནས་ཙོང་ཁའི་ཉི་ཟེར་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་བྱེད་པར་ཧུར་བརྩོན་གང་ལེགས་བྱེད་བཞིན་ཡོད་པ་རེད།

དགེ་འདུན་ཚེ་རིང་སློབ་མཐར་ཕྱིན་རྗེས་ཀྱི་ཚུན་ཆད་ལ། རྒྱལ་སྤྱི་དང་རྒྱལ་ནང་། རང་ཞིང་སོགས་སུ་བརྩམས་ཆོས་རི་མོ་མང་པོར་བྱ་དགའ་ཐོབ་པ་དང་། ལྷག་པར་དུ་2019ལོར་བརྩམས་ཆོས་《འདོད་ཡོན་ལྔ་》ཞེས་པར་རྒྱལ་སྤྱིའི་རིག་གནས་དངོས་མང་འགྲེམ་སྟོན་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཀྲུང་གོའི་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་གསེར་གྱི་རྟགས་མ་ཐོབ།

《འདོད་ཡོན་ལྔ》་ཞེས་པའི་བརྩམས་ཆོས་ནི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཤིག་ཡིན་ལ། བྱང་ཆུབ་ལོ་མའི་ཐོག་བྲིས་པའི་གསར་གཏོད་ཀྱི་རི་མོའི་བརྩམས་ཆོས་ཤིག་ཀྱང་རེད།

དེ་གཞན་དགེ་འདུན་ཚེ་རིང་ལགས་ཀྱིས་2010ལོ་ནས་ད་བར་དུ་དབུལ་ཕོངས་སློབ་མ་25ལྷག་ལ་རོགས་སྐྱོར་བྱས་ཏེ་ད་སྔ་སློབ་མ་13བདེ་བླག་ངང་སློབ་མཐར་ཕྱིན་པ་དང་། སློབ་མ་12སློབ་ཆེན་ཁག་འགྲིམ་བཞིན་ཡོད་པ་རེད།

དགེ་འདུན་ཚེ་རིང་གི་བརྩམས་ཆོས་འགྲེམ་སྟོན།

དགེ་འདུན་ཚེ་རིང་གིས་བྱང་ཆུབ་ལོ་མའི་སྟེང་བྲིས་པའི་འདོད་ཡོན་ལྔ་ཞེས་པའི་བརྩམས་ཆོས།

མཚོ་སྔོན་གྱི་འཐུས་ཚབ་བྱས་ཏེ་འགྲན་སྡུར་ལ་ཞུགས་པའི་རྣམ་པ།

བརྩམས་ཆོས་《འདོད་ཡོན་ལྔ་》ཞེས་པར་རྒྱལ་སྤྱིའི་རིག་གནས་དངོས་མང་འགྲེམ་སྟོན་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཀྲུང་གོའི་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་གསེར་གྱི་རྟགས་མ་ཐོབ།

ཐང་ག་འབྲི་བཞེངས་ཀྱི་རྣམ་པ།

དགེ་འདུན་ཚེ་རིང་གི་བརྩམས་ཆོས།