ལྷག་བསམ་གྱིས་ཕྱུག་པའི་ལྷ་རིས་པ་སྐལ་བཟང་རྒྱ་མཚོ།
2019.07.12 ཁུངས། ཀློག་གྲངས། 87


གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཐུབ་བསྟན།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན་རྡོ་རྗེ།) སྒྱུ་རྩལ་གྱི་ཕ་ས་རུ་གྲགས་པའི་རེབ་གོང་ནི་བོད་ཀྱི་གནའ་གྲོང་གྲགས་ཅན་ཞིག་ཡིན་ལ། གནས་འདིའི་མི་རྣམས་ལག་ཤེས་བཟོ་རྩལ་ལ་མཁས་ཤིང་རིག་གནས་སྒྱུ་རྩལ་ལ་བྱང་ཆ་ལྡན་པས། རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ཡོད། རིག་གནས་ཀྱི་རྔམ་ཁ་མཐུག་པའི་ས་ཁུལ་འདིའི་ཁོར་ཡུག་གི་རྐྱེན་གྱིས་སྒྱུ་རྩལ་ལ་དུང་བ་ཟབ་པའི་སྐྱེས་བོ་མང་པོ་ཞིག་གིས་ཀྱང་། རེབ་གོང་སྒྱུ་རྩལ་གྱི་བྱ་གཞག་ལ་འབད་ནས་ས་གནས་མང་ཚོགས་ལ་སྣེ་ཁྲིད་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཆོད་སེམས་བརྟན་པོ་བཅངས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་ལའང་འབད་བརྩོན་བྱེད་བཞིན་མཆིས།

སྐལ་བཟང་རྒྱ་མཚོ་ནི1978ལོར་ཐང་ག་འབྲི་བཞེངས་ཀྱི་ལོ་རྒྱུས་རྒྱུན་རིང་བའི་སྡེ་ཚོ་གྲགས་ཅན་སྒོ་དམར་ནས་སྐྱེས་ཤིང་། ཁོའི་ཕ་མེས་ཀྱི་བག་ཆགས་ཟབ་མོའི་ཤུགས་རྐྱེན་འོག ལོ་ན་ཕྲ་བའི་དུས་ནས་ཐང་ག་འབྲི་བཞེངས་ལ་དང་ཞེན་ཁྱད་པར་བ་བྱུང་ཞིང་། ལྷག་པར་ཁོའི་ཕ་ལགས་ནི་ཐང་ག་འབྲི་བཞེངས་ལ་ཧ་ཅང་མཁས་པའི་ལྷ་རིས་པ་གྲགས་ཅན་ཞིག་ཡིན་པས། ཕ་ལགས་ཀྱི་མཛུབ་སྟོན་འོག་ཏུ་ཁོ་རང་ལྷ་རིས་སྒྱུ་རྩལ་གྱི་ལམ་ཁར་བསྙེག་པའི་མགོ་བརྩམས། དམའ་འབྲིང་མཐར་ཕྱིན་རྗེས། སྐལ་བཟང་རྒྱ་མཚོས་མི་རབས་བཞི་ནས་བརྒྱུད་འོང་བའི་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་རྒྱུད་འཛིན་དང་དར་སྤེལ་བྱེད་མགོ་བརྩམས་ཤིང་། ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་རྒྱུན་འཛིན་བྱེད་པའི་ལམ་ཁར་ཁོས་སྔ་རྗེས་སུ་ལྷ་རིས་པ་གྲགས་ཅན་ཤ་བོ་ཚེ་རིང་དང་ཆོས་སྐྱབས། ཕྱག་རྡོར། སྙིང་འབུམ། ཤ་བོ་སྐྱབས་སོགས་ཀྱི་ཞབས་ལ་གཏུགས་ཤིང་། དེ་མིན་མཚོ་སྔོན་ལག་ཤེས་བཟོ་རྩལ་གྱི་དགེ་རྒན་ཆེན་མོ་ཆོས་འཕེལ་གྱི་མདུན་ནས་བསླབ་པ་སློབ་གཉེར་བྱས་པས། སྒྱུ་རྩལ་ཐད་ཀྱི་ཐབས་རྩལ་མང་པོ་ཞིག་ལ་བྱང་ཆ་ལྡན་པར་གྱུར་ཞིང་། ད་སྔའི་བར་དུ་འབད་པ་ལྷོད་མེད་ཀྱིས་རེབ་གོང་སྒྱུ་རྩལ་གྱི་ཐད་ལ་བྱས་རྗེས་བཞག་དང་འཇོག་བཞིན་མཆིས། བར་སྐབས་དེར་ཁོས་ཀྲུང་གོའི་ལག་ཤེས་བཟོ་རྩལ་གྱི་སློབ་དཔོན་ཆེན་མོ་ཕྱག་རྡོར་ལགས་ཀྱི་མདུན་ནས་ཐང་གའི་འབྲི་བཞེངས་ལ་སེམས་ཞིབ་མོས་སློབ་སྦྱོང་བྱས་ཤིང་། ལྷག་པར་སློབ་དཔོན་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ་ཞིབ་འཇུག་མཐར་ཕྱིན་བྱས་པའི་མན་ངག་ལ་འབད་པ་ལྷོད་མེད་བྱས། དཔེར་ན། རེབ་གོང་ས་ཁུལ་གྱི་ཧོར་རིགས་སྡེ་བ་བཞི་ཡོད་པ་སོ་སོའི་ཐང་ག་འབྲི་བཞེངས་ཀྱི་ལུགས་ལ་ཁྱད་པར་ཅུང་ཟད་མཆིས་ཀྱང་། སྐལ་བཟང་རྒྱ་མཚོ་ལགས་ད་ཡོད་ཀྱི་ཐབས་རྩལ་ཁོ་ནར་ཡིད་མ་ཚིམ་པར་རང་རྟོགས་སྒོས་སྡེ་བ་རེ་རེའི་ཐང་ག་འབྲི་བཞེངས་ཀྱི་ལུགས་ལ་སྦྱངས་བ་བྱས་ཤིང་། སློབ་སྦྱོང་གི་གོ་རིམ་ཁྲོད་དུ་གསར་སྐྲུན་གྱི་ཐད་ལ་འབད་ནས་རིམ་བཞིན་རང་ཉིད་ཀྱི་ལྟ་བ་སྤྱི་ཙམ་པ་ཞིག་ཆགས་པས། ཐང་གའི་བརྩམས་ཆོས་རྣམས་ལ་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས། ཁ་ཅིག་གིས་ཁོ་ནི་ཐང་ག་འབྲི་བཞེངས་ཕྱོགས་ཀྱི་སྣེ་ཁྲིད་པ་ཁོ་ན་ཞིག་མིན་པར། གུང་ཁྲན་ཏང་ཡོན་གྲས་ཀྱི་དཔེ་མཚོན་མི་སྣ་ཞིག་ཡིན་ཏེ། ཁོའི་ཏང་གཤིས་ཀྱི་སྔོན་ཐོན་རང་བཞིན་གྱིས་ཐང་གའི་འཕེལ་རྒྱས་ལ་ནམ་ཡང་སྣེ་ཁྲིད་བྱེད་བཞིན་ཡོད་ཟེར།

ལོ་ངོ་འདི་དག་གི་རིང་ཁོས་ཐང་ག་འབྲི་བཞེངས་ཀྱི་ཐད་ལ་འབད་པ་བྱེད་པའི་ཞོར་དུ་པེ་ཅིང་དང་ཐེན་ཅིན། ཧྲང་ཧེ། ཧང་ཀྲིག ཧོ་པེ། ཀོང་ཏུང་། ཧྥུའུ་ཅན། ཧྲན་ཏུང་། སི་ཁྲོན། ནང་སོག ཀན་སུའུ། མཚོ་སྔོན་ནང་ཁུལ་སོགས་ནས་གདན་ཞུ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་གྱན་ཐང་སོགས་འབྲི་བཞེངས་བྱས་ཤིང་། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་སོགས་ལའང་ཇུས་འགོད་མང་དུ་བྱས། དེ་མིན་ཁོས་འབྲི་བཞེངས་པའི་ཐང་ག་དག་ཧྲང་ཧེ། ཧང་ཀྲིག ཧོ་པེ། ཀོང་ཏུང་། ཧྥུའུ་ཅན། ཧྲན་ཏུང་། སི་ཁྲོན། ནང་སོག ཀན་སུའུ། མཚོ་སྔོན་ནང་ཁུལ། ད་དུང་ཁ་ན་སྒྲ་དང་སིང་ག་ཕོར་སོགས་སུ་འགྲེམ་ཚོང་བྱས། ད་སྔའི་བར་དུ་སྐལ་བཟང་རྒྱ་མཚོ་ལ་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ15ལྷག་ཐོབ་ཅིང་། དེའི་ཁྲོད་དང་པོ་གསུམ་དང་གཉིས་པ་ལྔ། གསུམ་པ་གཅིག ཕུལ་བྱུང་བྱ་དགའ་གཅིག གསེར་གྱི་རྟགས་མ་བཞི། དངུལ་གྱི་རྟགས་མ་གཅིག་ཐོབ་པ་རེད། 2010ལོའི་ཟླ8པར་ཁོ་ལ་རྨ་ལྷོ་ཁུལ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གནང་བའི་“ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ། ཐང་གའི་དཔེ་སྟོན་ཁྱིམ་ཚང”གི་མཚན་སྙན་ཐོབ་ཅིང་། 2014ལོར་རྨ་ལྷོ་ཁུལ་རིག་རྩལ་ཅུའུ་ཡིས་རེབ་གོང་རིག་གནས་དྲིལ་སྒྲོག་གི་ཚབ་མཚོན་པར་བདམས། 2016ལོར་སྐར་མ་རིམ་པ་ལྔ་བའི་དཔལ་ཡོན་ཁྱིམ་ཚང་དུ་བདམས། 2018ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞན་ཕན་ལྷག་བསམ་ཅན་ཞེས་པའི་མཚན་སྙན་གནང་།

2013ལོར་རང་ཉིད་ཀྱིས་མ་དངུལ་བཏང་སྟེ་སྐལ་བཟང་རེབ་གོང་སྒྱུ་རྩལ་ཁྱབ་སྤེལ་ལྟེ་གནས་ཞེས་པ་བཙུགས་ཤིང་སྐབས་དེར་སློབ་མ12ཡོད། དེའི་དམིགས་ཡུལ་གཙོ་བོའང་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་དང་སྲུང་སྐྱོབ་བྱེད་པ། རེབ་གོང་རིག་གནས་སྔར་བས་འཐུས་ཚང་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་འཛིན། ཀྲུང་གོའི་རིག་གནས་ཀྱི་ཁྲོད་ན་མཚར་སྡུག་ལྡན་པའི་མི་རིགས་ཀྱི་རིག་གནས་འདི་ཉིད་མ་ཉམས་གོང་སྤེལ་བྱ་རྒྱུ་དེ་རེད། གཞན་ཡང་སྐལ་བཟང་རྒྱ་མཚོས་སློབ་མ35བསྡུས་ཏེ་ཐང་ག་འབྲི་བཞེངས་བསླབ་པ་ལས། སློབ་མ་དགུས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ཁོ་རང་རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། དབུལ་ཕོངས་ཁྱིམ་ཚང་ལས་ཞུགས་བྱེད་པར་རོགས་འདེགས་གང་མང་གནང་སྟེ། ཁྱིམ་ཚང30ལྷག་དབུལ་བོ་ལས་ཐར་བ་དང་། ད་སྔའི་བར་དུ་དབུལ་ཕོངས་ཁྱིམ་ཚང69དང་མི་གྲངས1600ལྷག་ལ་རོགས་རམ་གནང་། ཁོས་ཡིད་ཆེས་དང་བཅས་ཏེ་རང་ཉིད་ཀྱི་མི་ཚེ་འདིའི་སྟོབས་ཤུགས་ཡོད་ཚད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། རེབ་གོང་སྒྱུ་རྩལ་འདི་ཉིད་འཛམ་གླིང་གི་ཡུལ་གྲུ་མང་པོར་ཁྱབ་ཏུ་འཇུག་པར་འབུལ་རྒྱུ་ཡིན་ཟེར་ལ། ཁོས་ད་དུང་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད་ལ་རྨ་ལྷོ་གསར་བའང་མེད། དེ་མིན་ང་ལའང་འདི་ལྟ་བུའི་འཚོ་བ་ཞིག་ཡོད་མི་སྲིད་ཟེར། ལོ་འདི་དག་གི་རིང་ལ། སྐལ་བཟང་རྒྱ་མཚོས་ས་གནས་ཀྱི་མང་ཚོགས་མང་པོར་རོགས་སྐྱོར་གནང་དང་གནང་མུས་སུ་ཡོད་ལ། 2014ལོ་ནས་ད་བར་དུ་དབུལ་ཕོངས་ཁྱིམ་ཚང83དང་སློབ་གྲྭ21ལྷག་ལ་རོགས་སྐྱོར་གནང་བ་དང་། སློབ་མ2346ལ་ཕྱོགས་གང་ཐད་ནས་རོགས་སྐྱོར་གནང་བ་དམངས་སྒོར275850ལ་སླེབས་ཡོད།

བྱ་དགའི་གཟེངས་རྟགས།