གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་ཀྱི་དཔེ་ཚོགས་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས།
2019.09.23 ཁུངས། ཀློག་གྲངས། 4630


གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  དབང་རྒྱལ་ཚེ་རིང་། ལྕགས་ཐར་ཚེ་རིང་། ) ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་སུ་ཕུལ་བའི་དཔེ་ཚོགས་ཏེ།《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》དང《རྨ་ལྷོའི་རིག་གནས་ཟིན་དེབ》ཀྱི་འགྲེམ་སྤེལ་མཛད་སྒོ་སྤྱི་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་དོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་མི་སྣ་བཅས་དཔེ་ཚོགས་འགྲེམ་སྤེལ་གྱི་མཛད་སྒོར་ཞུགས།

ཁྱོན་བསྡོམས་དེབ་བརྒྱད་ལས་གྲུབ་པའི《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》དང《རྨ་ལྷོའི་རིག་གནས་ཟིན་དེབ》ཅེས་པ་འདི་ནི་ཁོས《375ཐད་གཏོང་ཁང》ལས་བཅར་འདྲི་བྱས་པའི་གླེང་གཞི་སྟོང་གཅིག་སུམ་བརྒྱའི་ཁྲོད་བསལ་འདེམས་དམིགས་བཀར་གྱིས་སྒྲིག་རྩོམ་བྱས་པ་ཞིག་ཡིན་པར་མ་ཟད། དཔེ་ཚོགས་འདི་ནི་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལོ་རྒྱུས་སྟེང་མདོ་འཛིན་པ་མི་སྒེར་གྱི་བཅར་འདྲི་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་ཐོག་མ་ཡང་ཡིན།《ལྷ་རྒྱལ་བཀྲ་ཤིས་ཀྱི་བཅར་འདྲི་ཕྱོགས་བསྒྲིགས》དཔེ་ཚོགས་འདིའི་ནང་མདོ་འཛིན་པ་ཁོས་བོད་ཀྱི་ལོ་རྒྱུས་རིག་གནས་དང་དཔལ་འབྱོར།  སྤྱི་ཚོགས་འཕེལ་རྒྱས། མི་རིགས་སློབ་གསོ་དང་དམངས་ཀྱི་འཚོ་བ། ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་འགྲེལ་བརྗོད། བོད་ལུགས་གསོ་བ་རིག་པ། དམངས་སྲོལ་རིག་གནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བོད་ཀྱི་སྤྱི་ཚོགས་ལས་སྣེ་མང་པོར་འབྲེལ་བའི་ནང་དོན་འཁོད་ཡོད་པ་དང་། དཔེ་ཚོགས་འདི་ལས་ཉེ་བའི་ལོ་ངོ་བཅུ་ཕྲག་རིང་གི་བོད་ཁུལ་གྱི་ཕྱོགས་སྒོ་མོའི་སྤྱི་ཚོགས་འཕོ་འགྱུར་དང་འཆམ་མཐུན། འཕེལ་རྒྱས། འབྱོར་ཕྱུག དཔལ་ཡོན་བཅས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དོན་འཁྱོལ་བྱས་པའི་གྲུབ་འབྲས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ཇི་བཞིན་མཚོན་པར་བྱས་ཡོད།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཐེ་ཀྲང་གཞོན་པ་ལི་ཧྥི་ཁྲིན་གྱིས་དཔེ་དེབ་རྩོམ་པ་པོར་རྟེན་འབྲེལ་ཞུ་བཞིན་པ།

འབྲེལ་ཡོད་འགོ་ཁྲིད་རྣམ་པས་དཔེ་དེབ་འགྲེམ་སྤེལ་གྱི་དར་ཡོལ་ཕྱེ་བཞིན་པ།

དཔེ་དེབ་འགྲེམ་སྤེལ་གྱི་མདོ་འཛིན་པ་རྣམ་གཉིས།

ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱིའི་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་ཤིས་ཚིག་འབུལ་བཞིན་པ།

དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་གྱིས་དཔེ་དེབ་བཀླགས་པའི་མྱོང་ཚོར་གླེང་བཞིན་པ།

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་བསོད་ནམས་བཀྲ་ཤིས་ཀྱིས་དཔེ་དེབ་རྩོམ་སྒྲིག་གི་མྱོང་བ་གླེང་བཞིན་པ།

དཔེ་དེབ་རྩོམ་པ་པོ་ལྷ་རྒྱལ་བཀྲ་ཤིས་ཀྱིས་རང་གི་མྱོང་བ་གླེང་བཞིན་པ།

དཔེ་དེབ་འགྲེམ་སྤེལ་གྱི་ཡུལ་དངོས་སུ་ཕེབས་པའི་རྩོམ་པ་པོའི་ཕ་མ་རྣམ་གཉིས།

དཔེ་དེབ་འགྲེམ་སྤེལ་གྱི་མཛད་སྒོའི་སྟེང་ཕེབས་པའི་སྐུ་མགྲོན་ལྷན་རྒྱས།


《བོད་ཀྱི་སློབ་གསོ》ཞེས་པར་སློབ་གསོ་པུའུ་མི་རིགས་སློབ་གསོ་ཟིའི་ཟི་ཀྲང་ཟུར་བ་རྒན་བཤད་སྒྲུབ་དང་།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་སོགས་གཙོ་བྱས་པའི་མི་རིགས་སློབ་གསོར་ཤ་ཚ་ཞིང་སྙིང་ཉེ་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཕུལ་བྱུང་དགེ་རྒན་དང་སློབ་གཙོ་སོགས་ཤེས་ལྡན་མི་སྣ20ལྷག་ལ་བཅར་འདྲི་བྱས་ཡོད་ལ།ནང་དོན་གྱི་ཆ་ནས་བོད་ཀྱི་སྐད་ཡིག་སློབ་གསོའི་གལ་ཆེན་རང་བཞིན་དང་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་བྱེད་ཐབས་དང་སློབ་གསོའི་དོ་དམ་གྱི་སྐོར།ན་ཆུང་བྱིས་པའི་ཀུན་སྤྱོད་སློབ་གསོའི་སྐོར།བོད་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་སྐོར།དགོན་སྡེའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་ཕན་ནུས་ཀྱི་སྐོར།མི་རིགས་སློབ་གསོའི་ཡང་དག་པའི་སྲིད་ཇུས་ལག་ལེན་དང་དངོས་འབེབས་ཀྱི་སྐོར་སོགས་ཕྱོགས་མང་པོའི་ཐད་ནས་བགྲོ་གླེང་བྱས་པ་བཀོད་ཡོད།

《བོད་ཀྱི་གསོ་རིག་ཞིབ་འཇུག་དང་ལག་ལེན》ཞེས་པར་བོད་ཀྱི་གསོ་རིག་གི་ཡང་དར་བསྟན་པའི་མེས་པོ་ལྟ་བུར་གྱུར་པའི་མཁན་པོ་ཁྲོ་རུ་ཚེ་རྣམ་དང་རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་སོགས་གཙོ་བྱས་པའི་བོད་ཀྱི་གསོ་རིག་བསྟན་པའི་རྒྱུད་འཛིན་པ་མི་སྣ50ལྷག་དང་།མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་དང་བོད་སྨན་ཁང་གི་སྨན་པ།བོད་ཀྱི་གསོ་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཞིབ་འཇུག་པ་སོགས་ལ་བཅར་འདྲི་བྱས་ཡོད་པས།གསོ་རིག་རྒྱུད་འཛིན་གྱི་ལས་སྣེ་ཡོངས་ལ་ཁྱབ་ཅིང་།ནང་དོན་གྱི་ཆ་ནས་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་གནས་བབ་དང་བོད་སྨན་འདུལ་སྦྱོང་།ནད་ཐོག་ལག་ལེན།ནད་ཡམས་སྔོན་འགོག  གསོ་རིག་ཞིབ་འཇུག   དུས་རབས་གསར་བའི་བོད་ཀྱི་གསོ་རིག་རྒྱུན་འཛིན་པའི་འོས་འགན་སོགས་གླེང་ཡོད།

《བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས》ཞེས་པར་བོད་ཀྱི་སྒྱུ་རྩལ་པ་སྨན་བླ་སྐྱབས་དང་།བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཞིབ་འཇུག་པ་གཅན་བཀྲ་བྷོ།སྦྲང་ཆར་དུས་དེབ་ཀྱི་གཙོ་སྒྲིག་པ་ཟླ་བ་བློ་གྲོས།ལོ་ཙཱ་པ་ཆེན་མོ་མགོ་ལོག་རྣམ་རྒྱལ།བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་འཁྲབ་སྟོན་པ་ཞི་བདེ་ཉི་མ།ཡོངས་འཛིན་འཚོལ་བཤེར་ལས་གཞིའི་སྤྱིའི་ཇུས་འགོད་པ་ཚེ་ལོ།བོད་ཀྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་སོགས་མི་སྣ30ལྷག་དང་མཉམ་དུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཚོང་ལས་དཔལ་འབྱོར།  བོད་ཀྱི་རིག་གནས་སྒྱུ་རྩལ།བོད་ཀྱི་དུས་དེབ།བོད་ཡིག་ཆ་འཕྲིན་ལག་རྩལ་སོགས་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པའི་ཐད་ནས་བགྲོ་གླེང་བྱས་ཡོད།

《བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག》ཅེས་པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ཟུར་བ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་། བོད་ཀྱི་ཀུན་འདུས་ཞལ་ཐང་ཆེན་མོའི་སྤྱིའི་ཇུས་འགོད་པ་བརྩོན་འགྲུས་རབ་རྒྱས་སོགས་བོད་ཀྱི་རིག་གནས་ལོ་རྒྱུས་དང་སྒྱུ་རྩལ་གྱི་ལམ་ཁ་ན་གྲུབ་འབྲས་བླངས་ཡོད་པའི་སྐྱེས་ཆེན་དམ་པ་དང་མཁས་པའི་དབང་བོ།རིག་གནས་ཞིབ་འཇུག་པ། སློབ་ཆེན་གྱི་དགེ་རྒན་སོགས་དང་མཉམ་དུ་བོད་ཀྱི་རིག་གནས་ལོ་རྒྱུས་ཞིབ་འཇུག་དང་འབྲེལ་བའི་དུས་རབས་གསར་བའི་འོས་འགན་དང་ཞིབ་འཇུག་གི་ཐབས་ལམ།འཕེལ་རྒྱས་ཀྱི་གནས་བབ་སྐོར་བགྲོ་གླེང་བྱས་ཡོད།

《སྲིད་བཤད་ཁྲིམས་གླེང》ཞེས་པར་ཀན་སུའུ་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བཀྲ་ཤིས་ཚེ་རིང་དང་མཚོ་ལྷོ་ཁུལ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ལྕགས་འབུམ་རྒྱལ།མཚོ་སྔོན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་པད་མ་ལྷུན་གྲུབ།མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ།ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་ཚེ་རིང་།ཀྲུང་གོ་བོད་ཀྱི་དྲ་བའི་འགན་འཛིན་པ་རམས་ཚེ་བྷོ་སོགས་མི་སྣ20ལྷག་ལ་བཅར་འདྲི་བྱས་ཡོད།ནང་དོན་གྱི་ཆ་ནས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་དུ་སྲིད་ཇུས་བཟང་པོ་གང་འདྲ་བཏོན་ཡོད་པའི་སྐོར་དང་།རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་དུས་འདིར་ཁྲིམས་ལུགས་ཤེས་ལྡན་མི་སྣའི་སྤྱི་ཚོགས་འགན་ནུས་ཀྱི་སྐོར།གཞི་རིམ་ཁྲིམས་འཛིན་ཁང་གི་ཁྲིམས་ལུགས་དྲིལ་སྒྲོག་དང་ཁྲིམས་ལུགས་རོགས་སྐྱོར་གྱི་སྐོར།བོད་རྒྱ་སྐད་གཉིས་ཀྱི་ཆེད་ལས་ཁྲིམས་བཤད་མི་སྣ་ཇི་ལྟར་གསོ་སྐྱོང་བྱ་དགོས་པའི་སྐོར།བོད་ཀྱི་བརྡ་ཆད་གཅིག་གྱུར་དང་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་འགན་སྐོར།བོད་ཁུལ་དུ་ཡོངས་ཁྱབ་ཏུ་གནས་པའི་གྱོད་དཔེ་སྣ་ཚོགས་སོགས་བཀོད་ཡོད།

《རེབ་གོང་ལྷ་རིས་སྒྱུ་རྩལ》ཞེས་པར་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་འཇམ་དབྱངས་ཆོས་འཕེལ་དང།ལྷ་རིས་སྒྱུ་རྩལ་ཞིབ་འཇུག་པ་ཚངས་དབང་དགེ་འདུན་བསྟན་པ།ཀྲུང་གོའི་བཟོ་རྩལ་མཛེས་རིས་ཀྱི་ལྷ་དཔོན་ཆེན་མོ།རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་གདུགས་དཀར་དང་ཕྱག་རྡོར།སྙིང་འབུམ།དགེ་འདུན་དར་རྒྱས།  བློ་བཟང་བསྟན་པ།ཤ་བོ་སྐྱབས་སོགས་གཙོ་བྱས་པའི་ལྷ་རིས་སྒྱུ་རྩལ་པ་དང་ཞིབ་འཇུག་པ་རྣམས་ལ་བཅར་འདྲི་བྱས་ཡོད།  ནང་དོན་གྱི་ཆ་ནས་རེབ་གོང་ཐང་ག་དང་གོས་དྲུབ།རྡོ་བརྐོས།ཡིག་གཟུགས་སོགས་རེབ་གོང་ས་ཁུལ་གྱི་དམངས་སྲོལ་དང་འབྲེལ་བའི་རིག་གནས་ལོ་རྒྱུས་ཀྱི་སྐོར།དེ་མིན་གཅན་ཚའི་ཕྱོགས་ཀྱི་བོད་ཀྱི་རི་མོ་སྒྱུ་རྩལ་པ་ཨ་མདོ་བྱམས་པ་དང་བཀའ་བསྟན་གསེར་བྲིས་ཀྱི་སྐོར་སོགས་ཀྱང་བགྲོ་གླེང་བྱས་ཡོད།

《རྨ་ལྷོའི་རིག་གནས》ཞེས་པར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀུན་ཐར་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཤར་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ།ཁུལ་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་ལྷ་ལུང་དོན་གྲུབ།ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་གཙོ་བཀྲ་ཤིས་དོན་གྲུབ།ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་དབང་རྡོ་རྗེ།རོང་བོ་དགོན་ཆེན་གྱི་དགེ་བཤེས་རོང་བོ་བློ་བཟང་ཆོས་གྲགས།བོན་བརྒྱ་དགོན་པའི་དགེ་བཤེས་བསྟན་པའི་ཉི་མ།ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་ཨ་ལོ་རིན་ཆེན་རྒྱལ་པོ།མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར།ལན་ཀྲོའུ་སློབ་གྲྭ་ཆེན་མོའི་དགེ་རྒན་རིན་ཆེན་རྡོ་རྗེ་སོགས་མི་སྣ40ལྷག་ལ་བཅར་འདྲི་བྱས་ཡོད།ནང་དོན་གྱི་ཆ་ནས་རྨ་ལྷོའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལོ་རྒྱུས་དང་།ལྷག་པར་རྨ་ལྷོ་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སོགས་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་པའི་སྐོར་བགྲོ་གླེང་བྱས་ཡོད།

《རྨ་ལྷོའི་རིག་གནས་བཅར་འདྲི་ཟིན་ཐོ》ནི་རྩོམ་པ་པོས་རྨ་ལྷོའི་ཁྱད་ལྡན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བརྗོད་དོན་གཙོ་བོར་བཟུང་ཞིང་།ལོ་གཉིས་ཙམ་རིང་གི་རླུང་འཕྲིན་བཅར་འདྲི་དང་བགྲོ་གླེང་གི་རྩོམ་ཡིག་26ལེགས་པར་བདམས་ནས་གྲུབ་པ་ཞིག་རེད།དཔེ་དེབ་ནང་མགོ་ཁྲིད་ལས་བྱེད་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ།གཞན་ན་གཞོན་རིག་གནས་ལས་སྐྲུན་སོགས་ཁྱབ་ཁོངས་འདྲ་མིན་གྱི་མཚོན་ཚབ་མི་སྣར་བཅར་འདྲི་བྱས་ཤིང་།རིམ་པ་མང་པོ་དང་ཕྱོགས་མང་པོ་ནས་རྨ་ལྷོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དོན་དངོས་ལ་རྒྱུས་ལོན་གནང་བ་དང་།རྨ་ལྷོའི་ཁྱད་ལྡན་རིག་གནས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བགྲོ་གླེང་། ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་བཅས་བྱས།ལྟ་ཚུལ་དང་འདོད་ཚུལ་ཡང་དག་མིན་གང་ཡིན་ཡང་དེའི་ཀུན་སློང་ཡག་པོ་དང་ལྷག་བསམ་ཀྱི་འབད་བརྩོན་ལ་རྗེས་སུ་ཡི་རང་བྱ་འོས་པ་ཞིག་རེད།