གློག་བརྙན་སྒྱུར་སྐྲུན་ལས་དོན་གྱི་འཕོ་འགྱུར།
2019.06.21 ཁུངས། ཀློག་གྲངས། 495

མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་ལྟེ་གནས་ནི་སྤྱི་ལོ1980ལོར་བཙུགས་ཤིང་། རྒྱལ་ཡོངས་ནས་ཐོག་མར་བཙུགས་པའི་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་བྱེད་པའི་ཆེད་ལས་ལས་ཁུངས་ཤིག་ཡིན། སྤྱི་ལོ་1980ལོའི་ཟླ་9བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐག་གཅོད་ལྟར། སྔོན་གྱི་མཚོ་སྔོན་གློག་བརྙན་ཀུང་སིའི་སྒྱུར་སྐྲུན་ཚན་ཁག་གི་རྨང་གཞིའི་སྟེང་དུ་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་བཙུགས་པ་དང་། སྤྱི་ལོ་1996ལོར་ཞིང་ཆེན་སྒྲིག་ཨུའི་ཆོག་མཆན་ཐོབ་པ་ལྟར། མཚོ་སྔོན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་བསྒྱུར་ཅིང་། སྤྱི་ལོ་2010ལོར་རིག་གནས་ཐོན་ལས་སྒྱུར་བཅོས་བྱེད་དུས་མཚོ་སྔོན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཁོངས་གཏོགས་སུ་བགོས།  ད་ལྟ་ལས་བཟོ་བ་34ཡོད་ཅིང་། ཆེད་སྦྱོང་ཡན་གྱི་ལས་བཟོ་བ་28ཡོད།  དེ་ལས་ཆེད་ལས་ལག་རྩལ་མི་སྣ་26དང་། རིམ་རྩེ་མིང་བཏགས་ཅན2། རིམ་རྩེ་གཞོན་པའི་མིང་བཏགས་9ཡོད་ལ།  བོད་མི་ལས་བཟོ་བ་25ཡོད་པ་རེད།། དེར་མ་ཟད་དངོས་གཞིའི་ཡན་གྱི་བསླབ་གནས་རེག་པའི་ལས་རིགས་སོ་སོའི་ལག་རྩལ་མི་སྣ36དང་། ཤེས་རམས་ཞིབ་འཇུག་མི་སྣ་6འདུས་ཡོད།

མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་བརྙན་འཕྲིན་ལྟེ་གནས་བཙུགས་ནས་ལོ་ངོ་39འགོར་བའི་རིང་ལ། སྒྱུར་སྐྲུན་ལས་ཀའི་ཐད་དུ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་འགན་འཁྲི་ལག་ལེན་བྱེད་པ། ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ་བཅས་ནན་ཏན་སྒོས་བསྒྲུབས་ཤིང་། ཞིང་ཆེན་ཡོངས་དང་ཨམ་སྐད་སྤྱོད་ཡུལ་ཡོངས་ལ་དྲིལ་བསྒྲགས་ཞབས་ཞུའི་ལས་དོན་སྤེལ་ཏེ། གོ་བདེའི་ཕ་སྐད་ཀྱིས་ལམ་ནས་ཕུལ་བྱུང་གློག་བརྙན་བརྙན་འཕྲིན་ལེ་ཚན་བསྐྲུན་ནས། མཐའ་ཁུལ་གྱི་གྲངས་ཉུང་མི་རིགས་དང་ཕྱིའི་འཛམ་གླིང་བར་དུ་འབྲེལ་འདྲིས་བཙུགས་ཏེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ།  རིག་གནས་དང་སློབ་གསོ། ཚན་རིག་ལག་རྩལ་བཅས་ཁྱབ་སྤེལ་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ། བོད་ཡུལ་གྱི་སྤྱི་ཚོགས་བདེ་འཇགས་ཡོང་བར་བྱེད་ནུས་མི་དམན་པ་ཐོན་ཡོད་པ་རེད།

སྤྱི་ལོ་1953ལོར་ཆེས་ཐོན་མའི་བོད་སྐད་སྒྱུར་སྐྲུན་གློག་བརྙན་《གསེར་དངུལ་ཐང》་སྒྱུར་སྐྲུན་བྱས་པ་ནས་བཟུང་།  ད་བར་དུ་ཁྱོན་བསྡོམས་གློག་བརྙན་བརྙན་འཕྲིན་ལེའུ་ཁྲི་གཅིག་ལྷག་སྒྱུར་སྐྲུན་བྱས་ལ།  མ་འོངས་པར་ལོ་རེའི་སྒྲུར་སྐྲུན་ཚད་ལེའུ་3000ལྷག་ལ་འཕེལ་བའི་འཆར་གཞི་ཡོད་པ་རེད།

ལོ་ངོ་39རིང་གི་བྱ་གཞག་འཕེལ་རྒྱས་ཁྲོད་དུ། མཚོ་སྔོན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱིས་རྒྱལ་ཡོངས་མི་རིགས་གློག་བརྙན་བརྙན་འཕྲིན་ལས་རིགས་ཁྲོད་ནས། ཐོག་མཐའ་བར་གསུམ་དུ་སྣེ་ཁྲིད་པའི་གོ་གནས་ཟིན་ཡོད་ཅིང་། ཐེངས་མང་པོར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་རེག་མྱོང་སྟེ། སྔ་ཕྱིར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རིག་གནས་པུའུ།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ལས་ཁུངས་དང་གློག་བརྙན་འཐབ་ཕྱོགས་ཀྱི་དཔལ་ཡོན་ལས་ཁུངས། ཞིང་ཆེན་ཡོངས་ཀྱི་གློག་བརྙན་འགྲེམ་གཏོང་མ་ལག་གི་དཔལ་ཡོན་ལས་ཁུངས། སྔོན་ཐོན་རིག་གནས་བདག་གཉེར་ལས་ཁུངས། ཞིང་ཆེན་རིམ་པའི་དཔལ་ཡོན་ལས་ཁུངས།  བདེ་འཇགས་ལས་ཁུངས་སོགས་ཀྱི་མཚན་ཐོབ་རེག་ཡོད་པ་རེད།


སྔ་དུས་ཀྱི་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ཁང་།

སྔ་དུས་ཀྱི་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ཁང་།

སྔ་དུས་ཀྱི་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ཁང་།

ད་ལྟའི་སྒྲ་ལེན་ཁང་།

ཡིག་སྒྱུར་བྱེད་བཞིན་པའི་རྣམ་པ།

སྐད་སྒྱུར་བྱེད་བཞིན་པའི་རྣམ་པ།

སྒྲ་ལེན་པའི་རྣམ་པ།

སྒྲིག་སྦྱོར་བྱེད་བཞིན་པའི་རྣམ་པ།

གློག་བརྙན་སྒྲིག་སྦྱོར་བྱེད་བཞིན་པའི་རྣམ་པ།

སྐྱེལ་འཇོག་ཕབ་ལེན་འཕྲུལ་ཁང་།