མཐུན་སྒྲིལ་གྱི་ཨ་ལོང་དམ་དུ་སྦྲེལ་བའི་བྲག་དམར་སྡེ་བ།
2019.06.21 ཁུངས། ཀློག་གྲངས། 750

སྤྱི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་དགུ་ཡས་མས་སུ་ང་ཚོ་བཅར་འདྲི་ཚན་ཆུང་དཔའ་ལུང་རྫོང་མཁར་ནས་ལམ་ལ་ཆས་ཏེ་ཙོང་ཁའི་སྐྱེས་རིའི་འདབས་རོལ་དང་བྱ་ཁྱུང་དགོན་པའི་བྱང་ཕྱོགས་ཀྱི་མཚོ་ངོས་ལས་སྨི་3000ཡན་གྱི་མཐོ་སྒང་དུ་འཆམ་མཐུན་དང་གཞུང་དྲང་བབ་ཆགས་ངང་འདུས་སྡོད་བྱས་ཡོད་པའི་རྩ་བ་གྲོང་རྡལ་བྲག་དམར་སྡེ་བར་བསྐྱོད་པ་ཡིན།

བྲག་དམར་སྡེ་བ་ནི་རྩ་བ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་མཚམས་སུ་ཡོད་པའི་བོད་རྒྱ་འདུས་སྡོད་ཀྱི་སྡེ་བ་ཞིག་རེད།འདིར་ཁྱོན་བསྡོམས་དུད་ཁྱིམ་67དང་།མི་གྲངས་337ཡོད་པ་དང་།དེ་ལས་བོད་རིགས་དུད་ཁྱིམ་42དང་མི་གྲངས་222ཡོད།རྒྱ་རིགས་དུད་ཁྱིམ་25དང་མི་གྲངས་115བཅས་ཀྱིས་གྲུབ་པའི་སྡེ་བ་ཞིག་ཡིན་པ་དང་། མི་རབས་དུ་མར་སྡེ་བ་འདིའི་རྒྱ་བོད་མི་རིགས་གཉིས་ཁྱིམ་ཚང་གཅིག་ལྟར་མཐུན་ཡོད་ཁར་མི་རིགས་གང་ཡིན་པའི་དབྱེ་བའང་འབྱེད་དཀའ། ད་དུང་ལོ་རེའི་རྟ་རྒྱུག་མདའ་འཕེན་སོགས་ཀྱི་འགྲན་སྡུར་ཁྲོད་དུའང་བོད་རྒྱ་གཉིས་ཀྱིས་མཐུན་སྒྲིལ་གྱི་ཨ་ལོང་དམ་པོར་སྦྲེལ་ནས་རྡོག་རྩ་གཅིག་སྒྲིལ་བྱས་མཐར་གཟེངས་རྟགས་མང་པོའང་བླངས་ཡོད་པས། མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་སྡེ་བ་ལྟ་བུ་དང་།སྡེ་བ་གཞན་པས་བསྟོད་པའི་མཐེ་བོང་སྒྲེང་སར་གྱུར་ཡོད། སྡེ་བ་འདིར་བོད་རྒྱ་གཉིས་འཆམ་མཐུན་གྱིས་གནས་ཡོད་པ་འདི་མཐོང་ཚེ་ང་ཚོའི་དབང་མེད་ངང་"རྒྱ་རིགས་དང་བོད་རིགས།ཨ་མ་གཅིག་གི་བུ་མོ་རེད"ཅེས་པའི་གླུ་དབྱངས་འདི་དྲན་བྱུང་། གླུ་དབྱངས་འདི་ནི་སྡེ་བ་འདིའི་ཆེས་ལེགས་པའི་འགྲེལ་བཤད་ཅིག་ཡིན་པ་འདྲ།

རང་རྒྱལ་ནི་མི་རིགས་མང་པོས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ལ། མི་རིགས་སོ་སོ་དང་རྒྱལ་ཁབ་ཀྱི་འཕེལ་འགྲིབ་གཉིས་དམ་ཟབ་ངང་འབྲེལ་ཡོད་པས། མི་རིགས་མཐུན་སྒྲིལ་ནི་བསམ་བློའི་སྟོབས་ཤུགས་ཤིག་དང་དམིགས་འབེན་ཞིག སྤྱི་ཚོགས་བརྟན་འཇགས་དང་རྒྱལ་ཁབ་ཡུན་རིང་བརྟན་གནས་བདེ་འགོད་ཀྱི་ཆ་རྐྱེན་གཙོ་བོ་ཞིག་ཡིན་པས། སྡེ་བ་འདིའི་འཆམ་མཐུན་འབྲེལ་བའང་ཉིན་རེར་ཇེ་ཟབ་དང་མི་དམངས་ཀྱི་འཚོ་བའང་ཇེ་ལེགས་སུ་སོང་ནས་ད་ལོར་སྡེ་བ་ཡོངས་དབུལ་ཐར་བྱས་ཏེ་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་ཀྱི་ལམ་ཁར་སྐྱོད་བཞིན་ཡོད།

སྡེ་བའི་ཏང་མི།

སྡེ་བར་དབུལ་སྐྱོར་བྱེད་པ།


སྡེ་བར་ཕེབས་པའི་མགྲོན་པོ་སྣེ་ལེན་བྱེད་བཞིན་པ།

མི་རིགས་མཐུན་སྒྲིལ་ནས་བླངས་པའི་གཟེངས་རྟགས།

མཐུན་སྒྲིལ་མཉམ་གནས་ཀྱི་རྣམ་པ།