དབུལ་སྐྱོར་གནས་སྤོ་ལས་བཞེངས་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས།
2019.07.03 ཁུངས། ཀློག་གྲངས། 289

ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། ལྷན་འབྲེལ་སྨྱན་བྱད་ཀྱི་གསར་འགོད་པ་དག་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཨིར་སྟི་ཡུལ་ཚོའི་ནུབ་བྱང་ཕྱོགས་སུ་སྤྱི་ལེ2ཙམ་གྱི་མཚམས་ན་ཡོད་པའི་ཆོས་ཚ་སྡེ་བར་བསྐྱོད་པ་ཡིན། ངག་རྒྱུན་ལ་ཆོས་ཚ་ཚོ་སྡེ་འདི་ནི་གནའ་བོའི་བོད་ཀྱི་མི་བུ་རིགས་བཞིའམ་སེ་རྨུ་ལྡོང་སྟོང་གི་ཡ་གྱལ་ལྡོང་རིགས་ཀྱི་ཡན་ལག་ཏུ་གྲུབ་པ་ལྡོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ཏེ་ཆོས་ཚ་ཟེར་བའི་རུས་རྒྱུད་ལས་མཆེད་པས་མིང་ཡང་དེ་སྐད་དུ་གྲགས་ཤིང་། ད་ལྟ་ཨིར་སྟི་ཡུལ་ཚོའི་ཁོངས་རོལ་དུ་ཡོད་པའི་ཆོས་ཚ་ཚོ་བའི་མཆེད་ཁུངས་ནི། རྨ་ཕ་རིའི་ཁྲི་ཀ་རྫོང་གི་འཕྲང་དམར་གྲོང་རྡལ་ཁོངས་རོལ་གྱི་ཆོས་ཚ་ཡིན་ཕྱིར།   མཆེད་ཁུངས་ཀྱི་ཚོ་མིང་མ་འགྱུར་བར་སྡེ་བ་འདིར་ཐོགས་པ་ཞིག་ཡིན་ཞེས་བཤད། ང་ཚོས་གནས་འདི་བཅར་འདྲི་བྱ་ཡུལ་དུ་འཛིན་དོན་ནི། སྡེ་བ་འདིས་དབུལ་སྐྱོར་གནས་སྤོ་ལས་ས་ཞིང་དང་། ངལ་རྩོལ། ཡུལ་སྐོར་ཐོན་ཁུངས་བཅས་ཀྱི་ལེགས་ཆར་བརྟེན་སྣ་མང་ཅན་གྱི་དབུལ་སྐྱོར་ཐོན་ལས་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ལོ་འདི་འགའི་རིང་ལ་བདེ་བླག་ངང་དབུལ་གྲོལ་ཐོབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན།

སྔོན་སྡེ་བ་འདི་སྡོད་གནས་ལུང་ཁོག་དང་ཐར་ཐོར་ཡིན་ལ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པས། རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ལས་བྱེད་མི་སྣས་ཡང་དང་བསྐྱར་དུ་ཁ་ཏ་བྱས་ཏེ། རི་ཁུལ་ནས་གནས་སྤོར་བྱས་ན་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། གནས་སྤོར་བྱས་རྗེས་ཀྱི་འཚོ་བ་ཡང་སྔར་ལས་ལྡབ་འགྱུར་གྱིས་ཇེ་ལེགས་ལ་འགྲོ་བ་ཁོ་ཚོར་བཤད་པ་དང་། སྡེ་དམངས་རྣམས་ཀྱི་བསམ་བློའི་འདུ་ཤེས་ཀྱང་རིམ་གྱིས་བསྒྱུར་ཏེ། རི་ཁུལ་ནས་གནས་སྤོར་བྱེད་རྒྱུར་ཡིད་འཐད་བྱུང་བ་དང་རྩྭ་སའི་སྤང་ཤུན་ཡང་ཉམས་གསོ་བྱུང་།

དེ་རིང་ང་ཚོའི་མིག་མདུན་དུ་གྲལ་དུ་བསྟར་བའི་ཁང་བ་དག་ནི་གསར་སྐྲུན་བྱས་པའི་སྡོད་ཁང་ཡིན་ལ། སྤྱི་པའི་མ་ལག་ཆ་ཚང་བཀོད་སྒྲིག་བྱས་པའི་ཕྱོགས་ནས། སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་དང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། རིག་གནས་ཐང་ཆེན། གློག་སྡོང་། རླངས་འཁོར་འཇོག་ས་བཅས་ལས་ཡོད་ལ། ད་དུང་གྲོང་ཁྱེར་དོ་དམ་ལས་དོན་གྱིས་ཆུ་མཁོ་འདོན་དང་། ཆུ་འབུད། ཁང་བའི་ནང་རོལ་དུ་ས་འོག་དྲོད་གློག་དང་སྤྱོད་ཁང་བཅས་ཀྱི་སྒྲིག་ཆས་བཙུགས་ཡོད་པས། ཚད་རིམ་ཆེ་འབྲིང་གི་ཁུལ་ཆུང་ཞིག་ཡིན་ཞེས་བཤད་ཆོག་ཆོག་རེད།

ད་ལྟའི་སྡེ་བ་འདི་ནི་སྡེ་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་དང་། སྡེ་བའི་ཕྱིའི་རྣམ་པ། འཚོ་བའི་གོམས་གཤིས་བཅས་ནི་གྲོང་ཁྱེར་དང་ཉེ་བར་བཅར་ལ། སྡེ་དམངས་ཀྱི་འཚོ་བའི་སྤུས་ཀ་དང་རྒྱུ་སྤུས་ཚང་མ་ཆེས་ཆེར་མཐོར་འདེགས་བྱུང་ཡོད་ལ་། སྡེ་དམངས་རྣམས་ཀྱིས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བསྒྱུར་ཏེ་ཚད་འཇལ་རྐང་འཇོག་རྒྱུན་འཁོར་བྱས་ཏེ་མཉམ་ལས་ཁང་དུ་ཞུགས་པ་དང་། བུ་ཕྲུག་གིས་ཐག་ཉེ་ས་ནས་སློབ་ཞུགས་བྱེད་ཐུབ་ལ། སྡེ་དམངས་ཀྱིས་ཐག་ཉེ་ས་ནས་ནད་ལ་སྟོན་པ་དང་ཞོར་ལས་བྱེད་ཐུབ། མང་ཚོགས་ཀྱི་བསམ་པའི་འཁྱེར་སོའང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པའི་བརྒྱུད་རིམ་ཁྲོད་འགྱུར་ལྡོག་བྱུང་དང་འབྱུང་བཞིན་མཆིས་ལ། སྣ་གཅིག་ཅན་གྱི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་རྟོག་དང་སྲུང་སྐྱོབ་བཅས་བྱེད་པ་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་འབྱུང་བཞིན་ཡོད།

གཞིས་སྡོད་བྱས་རྗེས། སྡེ་དམངས་རྣམས་ཀྱིས་ཇི་ལྟར“ལས་བརྩོན”བྱེད་པའི་གནད་དོན་ལ་གདོང་གཏོད་པར། ས་འདི་རྒྱལ་ལམ109དང་ཉེ་ལ། ཚྭ་མཚེའུ་དང་མཚོ་སྔོན་པོ། རིག་སྨོན་གཞུང་། ཚ་རྔ་འགག་བཅས་ཀྱི་ལྗོངས་རྒྱུ་ས་ཁུལ་དུ་འགྲོ་སའི་བརྒྱུད་ལམ་ཉག་གཅིག་ཡིན་པས། རྗེས་མཐུད་ཐོན་ལས་གདམ་སྐབས་འགྲུམ་ལམ་གནད་ཆེ་སའི་ལམ་རྒྱུད་ཀྱི་ཁྱད་སྟོབས་ལ་བརྟེན་ནས། “གཞུང་ལམ་དཔལ་འབྱོར”འཕེལ་རྒྱས་སུ་བཏང་བ་དང་། འཆར་གཞི་ལྟར་ན་གནས་སྤར་ས་ཆའི་ཚོང་ལས་སྔོན་གཞག་ས་ཆ་རུ་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བཞི་ཁྲི་བརྒྱད་བཏང་སྟེ་བཟའ་བཏུང་དང་། ཞག་སྡོད། རླངས་འཁོར་ཞིག་གསོ། ཚོང་ཟོག་ཉོ་ས་བཅས་གཞི་གཅིག་ཅན་གྱི་དབུལ་སྐྱོར་ཐོན་ལས་རྟེན་གཞི་བཙུགས་ཏེ། ས་ཞིང་དང་ངལ་རྩོལ་པ། ཡུལ་སྐོར་བཅས་ཐོན་ཁུངས་ཀྱི་དགེ་མཚན་སྤྱད་དེ། རྒྱུ་མང་ཅན་གྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་དམངས་རྣམས“གནས་སྤོར་ཐུབ་པ། གཏན་སྡོད་ཐུབ་པ། ཕྱུག་པོར་སྒྱུར་ཐུབ་པར”བྱ་རྒྱུ་ཡིན་ཟེར།

ཆོས་ཚ་སྡེ་བའི་ཕྱིའི་བཀོད་པ།

སྡེ་དམངས་ཀྱི་གྲལ་དག་པའི་སྡོད་ཁང་།

ཁང་བའི་ནང་གི་རྣམ་པ།

སྡེ་བའི་བྱིས་གཉོར་ཁང་།

བྱིས་པ་ཚོའི་མལ་ཁང་།

བྱིས་གཉོར་ཁང་གི་བར་ཁྱམས།

སྡེ་བའི་འཕྲོད་བསྟེན་སྨན་ཁང་།

སྡེ་བའི་སྨན་ཁང་གི་ལྟ་ཞིབ་ཁང་།

སྨན་རྫས་ཁང་།

ཆོས་ཚ་སྡེ་བའི་རིག་གནས་ཐང་ཆེན།

                                                                          གསར་འགོད་པ།  ཚེ་མ། ལྕགས་ཐར་ཚེ་རིང་།