འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྙེག་བཞིན་པའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་།
2019.07.06 ཁུངས། ཀློག་གྲངས། 206


གངས་ལྗོངས་མེ་ལོང་དྲ་བའི་གསར་འགོད་པ་ཚེ་མ་རྒྱལ་དང་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།

དཔལ་ཁ་གྲོང་རྡལ་གསེར་གཞུང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འདི་ནི་སྤྱི་ལོ་2015ལོའི་ཟླ8པར་བཙུགས་ལ། 2016ལོར་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་རྒྱལ་ཡོངས་རྩྭ་ཐང་སྣོད་བཅུད་འབྲོག་ལས་ཚོད་ལྟ་ཁུལ་གྱི་བརྡ་ཐོའི་ཡིག་ཆའི་དགོངས་དོན་དང་། མཉམ་ལས་ཁང་གོང་འཕེལ་འགྲོ་ཚུལ་ལ་ནན་པོར་གཞིགས་ནས། ཐོན་ཁུངས་བསྐྱར་དུ་བསྡུ་སྒྲིལ་དང་། རིམ་དབྱེའི་དོ་དམ་སླར་ཡང་ཞིབ་ཚགས་སུ་བཏང་ནས། དེང་རབས་འདེབས་འཛུགས་དང་གསོ་སྤེལ། ལས་སྣོན་དང་ཕྱིར་འཚོང་བྱེད་བཞིན་ཡོད་པ་རེད།

མཉམ་ལས་ཁང་འདིའི་གཙོ་བོ་ཕྱུགས་ལས་ཀྱི་ཐད་ནས་ནོར་གནག་དང་འབྲོག་ལུག་ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ལག་ལེན་བྱས་ཏེ། ལོ་གཉིས་ཀྱི་ནང་ནོར་ལུག་ཐེངས་གསུམ་རྩེབ་པ་དང་། བལ་དཀར་གྱིས་ཉལ་ཐུལ་སོགས་བཟོ་བཞིན་ཡོད་པ་རེད།  ཞིང་ལས་ཀྱི་ཐད་ནས་གྲོ་ནས་དང་ལོག་དཀར། གཟན་རྩྭ་བཅས་འདེབས་བཞིན་ཡོད་ལ།  ནས་སོགས་ལས་སྣོན་བྱས་ཏེ་རྩམ་པ་དང་རྩམ་པའི་ཞོར་ཟས་སྣ་ཚོགས་བཟོ་བ་དང་། ལོག་སྣུམ་ཐོན་སྐྱེད་བྱས་ནས་ཕྱིར་འཚོང་བྱེད་བཞིན་འདུག

གསེར་གཞུང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོས་མཉམ་ལས་ཁང་འདི་འཛུགས་པའི་དམིགས་ཡུལ་གཙོ་བོ་ནི་སྡེ་བ་འདིའི་མང་ཚོགས་ཀྱི་འཚོ་བ་འབྱོར་འབྲིང་དུ་བསྐྱོད་པར་རྨང་གཞི་བརྟན་པོ་འདིང་ཆེད་དང་། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་དང་སྲིད་ཇུས་ལག་བསྟར་བྱེད་པའི་ཐད་མཉམ་ལས་ཁང་གཙོ་བྱས་ཏེ་སྡེ་བ་འདིར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་ཆེད་ཡིན་ལ། མཉམ་བསྲེས་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་ཇེ་བཟང་དུ་འགྱུར་དུ་འཇུག་རྒྱུའི་ཆེད་ཡིན་ཟེར།

དེང་སྐབས་རོང་འབྲོག་ས་ཁུལ་དུ་མཉམ་ལས་ཁང་འཛུགས་པའི་སྣང་ཚུལ་ཧ་ཅང་དར་ཁྱབ་ཆེ་ཡང་།  ཆེད་ལས་ཅན་དང་ཡང་ན་ཐོན་རྫས་ལས་སྣོན་བྱེད་ཐུབ་པའི་དཔེ་མཚོན་ཅན་གྱི་མཉམ་ལས་ཁང་མང་པོ་མེད་ལ། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་རྣམས་ཀྱི་ཁ་བརྡ་ལ་ཉན་ན། ཁོང་ཚོའི་མཉམ་ལས་ཁང་ནི་གཞན་དང་མི་འདྲ་བར་རང་ཉིད་ལ་ཁྱད་སྟོབས་ཕུན་སུམ་ཚོགས་པོ་ལྡན་པ་རྟོགས་ཐུབ།       མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཁོངས་མི་ཕུན་ཚོགས་སྐྱབས་ཀྱིས། ང་རང2017ལོར་མཉམ་ལས་ཁང་དུ་ཞུགས་པ་ཡིན་ལ། 2017ལོར་མ་རྐང་བཞག་པའི་ཐད་ཡོང་སྒོ་སྒོར་སྟོང་བརྒྱད་དང་བདུན་བརྒྱ་ལྔ་བཅུ་བགོས་པ་དང་། 2018ལོར་སྒོར་ཁྲི་གཉིས་དང་སྟོང་ལྔ་སུམ་བརྒྱ་བགོས། 2019ལོའི་ལོ་སྟོད་དུ་མ་རྐང་ལྟར་སྒོར་ཁྲི་གསུམ་དང་སྟོང་བདུན་བརྒྱད་བརྒྱ་བགོ་བཤའ་བརྒྱབ། རང་ཉིད་ལ་མཚོན་ན་མཉམ་ལས་ཁང་དུ་ཞུགས་མ་ཐག་དེའི་བཟང་ཆ་མ་གཏོགས་མོད། ད་ལྟ་བལྟས་ན་འཕེལ་རྒྱས་བྱུང་བ་མགྱོགས་ལ་དེའི་བཟང་ཆ་ལྡན་པར་འདོད་ཅེས་བརྗོད་བྱུང་།

གསེར་གཞུང་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་མཚོ་བོད་ས་ཁུལ་གྱི་ཁྱད་ལྡན་ཐོན་དངོས་ཉོ་ཚོང་བྱེད་སའི་མཚོ་བོད་གྲུ་ཁ་ཀུང་སིར་མཉམ་འབྲེལ་བྱས་ཏེ། མི་རིགས་རིག་གནས་ཀྱི་ཐོན་རྫས་སྦྲེལ་རེས་བྱས་ནས་མཚོ་བོད་མཐོ་སྒང་གི་རང་བྱུང་མཛེས་པ་འཛམ་གླིང་ལས་མངོན་པར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ལ། ཀུང་སི་དེས་ཀྱང་དྲ་སྦྲེལ་བེད་སྤྱོད་ལས་ཆོད་ཆེ་ཞིང་སྟབས་བདེ་བ་བཅས་བྱས་ནས། འཛམ་གླིང་གི་ཡུལ་ལུང་གང་སར་མཚོ་བོད་ས་ཁུལ་གྱི་མི་རིགས་ཁྱད་ཐོན་སྤུས་ལེགས་རྟགས་མ་དག་མངོན་པར་བྱས་ནས་ས་གནས་དཔལ་འབྱོར་དར་རྒྱས་ཡོང་བར་བྱས་རྗེས་དང་སྟོབས་ཤུགས་འདོན་བཞིན་མཆིས།

གསེར་གཞུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་། 

གསེར་གཞུང་སྡེ་བའི་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྒོ་བྱང་།

བོད་ལུག་གསོ་སྤེལ་རྟེན་གཞི།

ལོག་སྣུམ་བཙག་བཞིན་པ།

མཉམ་ལས་ཁང་གི་ཐོན་རྫས་སྣ་ཚོགས།

མཉམ་ལས་ཁང་གི་སྤྱིའི་གནས་ཚུལ།

གསེར་གཞུང་སྡེ་བའི་གཟེངས་རྟགས་སྣ་ཚོགས།