དུས་རབས་གསར་པར་སླེབས་པའི་མགོ་ལོག་གི་འགྲིམ་འགྲུལ་སྐྱེལ་འདྲེན།
2019.09.18 ཁུངས། ཀློག་གྲངས། 129

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཚེ་མ། དབང་རྒྱལ་ཚེ་རིང་། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། )

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་འགོར་བའི་དུས་དེ་རིང་། མགོ་ལོག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་དེ་གོང་རིམ་གྱི་བླ་མེད་རྒྱབ་སྐྱོར་དང་རྒྱ་ཆེའི་འགྲིམ་འགྲུལ་འཐབ་ཕྱོགས་ཀྱི་ལས་བཟོ་བའི་ཐུན་མོང་འབད་བརྩོན་འོག  མི་རིགས་ས་ཁུལ་དང་། ས་བབ་མཐོ་བའི་ ས་ཁུལ། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་འཕེལ་རྒྱས་ཞན་པའི་ས་ཁུལ་གྱི་རྒྱབ་ལྗོངས་འོག  དུས་རབས་ཀྱི་འཕར་རྩ་དང་འཐབ་ཇུས་ལ་ཞིབ་འཇུག་བྱས་ནས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་ཞིབ་ཚགས་ངང་བཀོད་པ་དང་ངེས་གནས་གནད་སྨིན་བྱས་ཏེ་མྱུར་བགྲོད་གཞུང་ལམ་དང་། མཁའ་འགྲུལ། ལྕགས་ལམ་བཅས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བསྐྲུན་པས། མགོ་ལོག་གི་འགྲིམ་འགྲུལ་ལ་ཉིན་བཞིན་འགྱུར་ལྡོག་དང་སྤུས་ཚད་ཀྱི་ཐོད་བརྒལ་བྱུང་ནས་རྒྱུན་ལྡན་ལས་བརྒལ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད །

ལོ་ངོ20ཡི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མ་དངུལ་སྒོར་དུང་ཕྱུར11.36བཏང་བའི་མགོ་ལོག་གནམ་གྲུ་ཐང་གི་འཛུགས་སྐྲུན་རྣམ་གྲངས་དེ2013ལོར་ལས་འགོ་བརྩམསཔ་དང་། 2016ལོའི་ཟླ7ཚེས1ཉིན་ལེགས་འགྲུབ་བྱུང་པར་མ་ཟད་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་། རྟ་བོ་ནས་ཟི་ལིང་བར་གྱི་དུས་གཏན་གནམ་གྲུའི་པ་སེའི་རིན་གོང་སྒོར200ཙམ་བར་དམའ་རུ་བཏང་ལ། 2017ལོའི་ཟླ10ཚེས23ཉིན་འགྲུལ་བཞུད་པ་འགྲོ་འོང་བྱེད་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་པའི་གནས་ཚུལ་ལ་གཞིགས་ནས་ཐོག་མའི་གཟའ་འཁོར་རེར་དུས་གཏན་གནམ་གྲུ་འཕུར་ཐེངས4ནས7ལ་ལེགས་སྒྲིག་བྱས་པ་དང་། 2018ལོའི་ཟླ3ཚེས25ཉིན་སླར་ཡང་གཟའ་འཁོར་རེར་དུས་གཏན་གནམ་གྲུ7ཁ་སྣོན་བྱས་པས། མིག་སྔར་དུས་གཏན་གནམ་གྲུ་འཕུར་ཐེངས14ཡོད་ལ་ཆ་སྙོམས་འགྲུལ་པ་སྡོད་ཚད91.5%ཟིན་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་འགྲོ་སྐྱོད་ཐད་ཧ་ཅང་སྟབས་བདེ་བྱུང་ཡོད།

གཞན་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། སི་ཁྲོན་དང་། བོད་ལྗོངས། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་བཞིའི་འགྲིམ་འགྲུལ་ཕན་ཚུན་སྦྲེལ་མཐུད་ལ་རྨང་གཞི་བཏིང་ཡོད་པ་རེད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འཛུགས་སྐྲུན་དུས་མཉམ་དུ་གོང་འཕེལ་བྱུང་སྟེ། མགོ་ལོག་གི་རྫོང་ཚང་མར་རིམ་པ་གཉིས་པའི་གཞུང་ལམ་ཤར་བགྲོད་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱུང་། གཞན་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་མགྱོགས་མྱུར་རིམ་སྤོར་སྒྱུར་བཀོད་བྱས་པ་དང་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་དངོས་ཕན་མང་པོ་བསྐྲུན།

གཞུང་ལམ་དང་དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་དྲ་བ་བཅས་ལས་གྲུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་རིམ་བཞིན་ཆགས་ནས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་མགོ་ལོག་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཐད་ཕན་ཚུན་འབྲེལ་མཐུད་བྱུང་ལ།  “མིག་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྟངས་འཛིན་པའི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“སྐྱེ་ཁམས་སྲུང་སྐྱོང་བྱེད་པ”དེ་རྣམ་གྲངས་འཆར་འགོད་དང་། འཛུགས་སྐྲུན་དོ་དམ། ཨར་ལས་བདག་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དེ་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ནང་བཅུག་ནས་གནམ་གྲུ་འབབ་ཐང་དང་། མྱུར་བགྲོད་གཞུང་ལམ།  རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ། གྲོང་གསེབ་ཀྱི་གཞུང་ལམ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏིང་ཟབ་བཏང་ནས་མགོ་ལོག་ས་ཁུལ་དུ་གཞི་རྩའི་ཆ་ནས་ནང་འབྲེལ་ཕྱི་འབྲེལ་དང་། སྟབས་བདེ་བ། བདེ་འཇགས། འཁོར་སྐྱོད་ལས་ཆོད་ཆེ་བ། ལྗང་མདོག་དང་ཕན་པ་དངོས་ཐོབ་པའི་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་ཐུབ་པ་བྱུང་།

བདེ་འཇགས་དང་བདེ་མྱུར། སྟབས་བདེ་བཅས་ཀྱི་འགྲིམ་འགྲུལ་སྒྲིག་ཆས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱེད་ཐུབ་ལ། འདས་སོང་ལ་ཕྱི་མིག་བལྟས་ན། ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་བསྟུན་ནས་མགོ་ལོག་གི་འགྲིམ་འགྲུལ་དེ་རིམ་བཞིན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དུས་རབས་གསར་པར་སླེབས་ཡོད་ལ་འབྱུང་འགྱུར་ལ་ཡིད་ཆེས་དང་བློ་སྟོབས་ཀྱིས་ཁེངས་ཡོད།

མགོ་ལོག་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་འཐུས་ཚབ་པས་ང་ཚོར། འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་དམིགས་འབེན་ལྟར་ཏང་གི་འགྲིམ་འགྲུལ་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ལྗང་མདོག་བདེ་འཇགས་དང་སྟབས་བདེའི་ངང་འགྲོ་སྐྱོད་བྱེད་པའི་ཆ་རྐྱེན་བསྐྲུན་རྒྱུའི་རྩ་བའི་ལས་འགན་དེ་ཏན་ཏན་ཏིག་ཏིག་གིས་བསྒྲུབ་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་”དང་།  ལས་རིགས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། ཡར་རྒྱས་བརྩོན་ལེན། དཀའ་སྤྱད་དོན་གཉེར་བྱས་ནས་འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་ཁྲོད་འབད་འབུངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མགོ་ལོག་འགྲིམ་འགྲུལ་བྱ་གཞག་ཐད་ལེའུ་གསར་བ་ཞིག་གི་འགོ་རྩོམ་དགོས་ཞེས་གསུངས །

མགོ་ལོག་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནའ་དེང་བསྡུར་བ།