གཏན་གཞིས་ཁྲི་ལོ་རྫོགས་ལྡན་བསྐལ་བར་བསྔགས། སྐྱས་བཏེགས་སྟོང་ལོ་འབྲོག་པའི་ལོ་ཟླ་བརྗོད།
2019.09.23 ཁུངས། ཀློག་གྲངས། 18

ཟླ9བའི་ཚེས2ཉིན་གྱི་ཞོགས་པར།  ང་ཚོའི་བཅར་འདྲི་ཚན་ཆུང་གནའ་མཁར་ཟི་ལིང་ནས་ལས་ལ་ཆས་ཏེ་བཅར་འདྲིའི་ས་ཚིགས་བཞི་བ་སྟེ་ས་ལེ་བར་ལྔ་བརྒྱ་ལྷག་གིས་ཆོད་པའི་ས་མགོ་ལོག་དང་གནམ་མགོ་ལོག་གི་ཕྱོགས་སུ་ཆས་པ་ཡིན།  ལོ་ངོ70ལྷག་གི་རིང་ལ།  མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་ཆགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མི་མེད་ལུང་སྟོང་གི་རྟ་བོ་ཐང་དུ་གནས་ཡོད།   ཤར་ནས་ནུབ་ཀྱི་ཐང་ཆེན་པོ་བརྒྱུད་དུས་རྟ་ཕོར་ཞོན་ནས་ཉིན་ཞག་གསུམ་ལ་འགྲོ་དགོས་པའི་གཏམ་དེ་ཐོས་འཕྲལ་དངོས་གནས་ཧ་ལས་དགོས་པའི་དོན་ཞིག་རེད་འདུག དེང་སྐབས་མཚོ་ངོས་ལས་མཐོ་ཚད་ལ་སྨི3700ཡན་གྱི་རྟ་བོ་གྲོང་རྡལ་དུ་གཞུང་ལམ་སྣ་ཚོགས་བསྣོལ་མར་ཆགས་ཤིང་།  མཁར་གྲོང་གི་འཛུགས་སྐྲུན་དང་།  དཔལ་འབྱོར་འཕེལ་རྒྱས།  ཡུལ་སྐོར་རྟེན་གཞི།  དམངས་ཀྱི་འཚོ་བ་བདེ་ལ་བཀོད་ཅིང་ལྷག་པར་དུ་རྨ་ཆེན་རྫོང་གི་འཇིགས་མེད་གཞིས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་འདིས་གནས་འདིའི་རིག་གནས་ཀྱི་མཚོན་རྟགས་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ངང་གིས་རྟོགས་ཡོང་། 

འཇིགས་མེད་གཞིས་ཁུལ་འདི་ནི2017ལོའི་ཟླ7པའི་ནང་དངོས་སུ་ལས་མགོ་བརྩམས་ཤིང་།  སྤྱིའི་མ་དངུལ་ལ་སྒོར་ཁྲི14308.47བཏང་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ59432.38ཡོད། འདིའི་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་པའི་འཛུགས་སྐྲུན་རྒྱ་ཁྱོན་ལ53468.38དང་། གཞིས་ཁུལ་འདིར་ཁང་བརྩེགས་རིམ་པ་ལྔ་དང་ཁང་ཤར25ཡིས་གྲུབ་ཅིང་།  ཁང་བའི་བཟོ་དབྱིབས་ལ་སྨི་གྲུ་བཞི་མ་ལྔ་བཅུ་ཅན་དང་།  བརྒྱད་ཅུ་ཅན།  དགུ་བཅུ་གོ་བདུན་ཅན།  བརྒྱ་དང་ལྔ་ཅན།  བརྒྱ་དང་ཉེར་བཞི་ཅན།  ཚོང་ཁང36ཡོད། གནས་འདིར་གནས་སྤོ་བྱས་པའི་ཞང་དང་གྲོང་རྡལ7དང་སྡེ་བ21 དབུལ་སྐྱོར་ཁྱིམ་ཚང716དང་མི་གྲངས2605ཡོད།  2019ལོའི་ཟླ7པའི་ནང་གནས་འདིར་འདུས་སྡོད་བྱས་པ་བརྒྱ་ཆའི་བརྒྱ་ལ་སོན་ཞིང་། བཀོད་སྒྲིག་བྱ་ཡུལ་དུ་དབུལ་སྐྱོར་ཚོང་དོན་གྱི་ཕྱོགས་བསྡུས་ཁྲོམ་ར་ཆ་ཚང་བཙུགས་ཤིང་། དེའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3578ཡོད། 

ང་ཚོས་རྒྱུས་ལོན་པ་ལྟར་ན། འཇིགས་མེད་གཞིས་ཁུལ་གཙོ་བྱས་དབུལ་ཕོངས་ཁྱིམ་ཚང་མང་པོ་མཁར་གྲོང་དུ་གནས་སྤར་བའི་དམིགས་ཡུལ་ནི།  སྔོན་ཆད་ཀྱི་སྦྲ་ནང་གི་འཚོ་བ་ཇི་བཞིན་རླུང་དང་ཆར་བས་ཙག་རླུང་གདོང་གིས་གཏོད་མི་དགོས་པ་དང་། བུ་དང་བུ་མོ་སློབ་གྲྭ་བསྐྱལ་བདེ་བ། ནད་པ་དུས་ཐོག་ཏུ་སྨན་ཁང་སོགས་ལ་སྟོན་བདེ་བ། དུས་བཞིར་ཡུལ་ངེས་མེད་འགྲིམ་པའི་འཚོ་བར་སེམས་ཁྲལ་བྱེད་མི་དགོས་པ་དང་། ཇ་ཁང་དུ་གློག་ཆས་ལ་བརྟེན་ནས་ཟ་མ་གཡོ་སྐོལ་བྱེད་པ། ཁང་པའི་ནང་དུ་ལུས་པོར་ཁྲུས་བྱས་ཆོག་པའི་རྣམ་པ་གསར་བ་འདིས་འབྲོག་པ་མང་ཚོགས་ལ་སྔར་ན་མེད་པའི་བདེ་སྐྱིད་ཀྱི་བགྲོད་ལམ་གསར་བ་ཞིག་བཏོད་ཡོད། 

མགོ་ལོག་ཁུལ་ནི་གཙང་གསུམ་མགོ་ཁུངས་སུ་གནས་པའི་བོད་རིགས་རང་སྐྱོང་ཁུལ་ཏེ་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ནང་གི་གཅིག་ཡིན།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་ཁུལ་གྱིས་རྨ་ཆེན་རྫོང་གཙོ་བྱས་པའི་རྫོང་སོ་སོའི་ས་བབ་ལ་གཞིགས་ནས། ལུགས་མཐུན་སྒོས་བཀོད་སྒྲིག་དང་ལྷུ་ལག་ཆ་ཚང་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོར་འདེགས་གཏོང་བའི་རྩ་དོན་ལྟར། མཁར་གྲོང་གི་ཕྱིའི་འཛུགས་སྐྲུན་དང་། སྤྱི་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ལྗང་མདོག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་ཁོར་ཡུག་གསར་པ་འཛུགས་སྐྲུན་དང་། བློ་གཤོག་ཆེན་པོས་མཁར་གྲོང་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཁུལ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་དཀའ་ཁག་ཡོད་པའི་ལས་བཟོ་པའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དང་གཏོང་བཞིན་ཡོད། 

མཛེས་སྡུག་ཡིད་འོང་གི་འཇིགས་མེད་གཞིས་ཁུལ།