ཚ་རྔ་འགག་ནི་རྨ་ཆུའི་ཆུ་རགས་དང་པོ་ཡིན་ལ། ཚ་རྔ་འགག་གྲོང་རྡལ་དེ་ཡང་རྒྱལ་ཁབ་ཀྱི་སྐོར་ཁག་གཉིས་པའི་ཁྱད་ལྡན་གྲོང་རྡལ་གྱི་གྲས་སུ་ཚུད་ཡོད་པ་རེད། དེས་རྨ་ཆུའི་རིག་གནས་དང་བཟོ་ལས་རིག་གནས། མི་རིགས་རིག་གནས་སྲོག་རྩར་བྱས་ཏེ། ལྟ་སྐོར་སྤྲོ་གསེང དང་རིག་གནས་མྱོང་ཚོར། གློག་འདོན་དང་ཆུ་ལོག་འགོག་པ། ཆུ་གཏོང་། གསོ་སྤེལ་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། མཚོ་ལྷོར་ཐོན་ན་ཅིས་ཀྱང་འགྲོ་དགོས་པའི་ས་ཚུགས་ཤིག་ཏུ་འདོད།
ཞོགས་པའི་ཉི་རྩེ་ས་ལ་ཕོག་པ་དང་ལྷན་དུ། ང་ཚོ་ཆབ་ཆ་ནས་ཚ་རྔ་འགག་ལ་ཆས་པའི་ལམ་ལ་ཞུགས། དབྱར་དྲུག་པའི་མཐོ་སྒང་གི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཞོར་དུང་ལུང་ཁོག་གི་ལམ་རྙིང་དེད་དེ་ཅང་མ་འགོར་བར་ཚ་རྔ་འགག་གི་ལྗོངས་ཁུལ་དུ་ཐོན་པ་ན། རྨ་ཀླུང་སྒེག་ལྡན་ནི་སྔོ་ལྟེམས་མེར། འཇམ་ཐིང་ངེར། བག་ལྷོད་གེར་མཛེས་སྡུག་གིས་འཁྱིལ་འདུག་ཅིང་། བཀན་གཟར་གྱི་བྲག་རི་དང་། འཇིགས་རུང་གི་འགག་ཕྲེང་ནི་དེ་འདྲའི་རྔམ་ཟིལ་ལྡན་པ་ལ། རགས་སྒོ་ལས་ཕྱིར་བཏང་བའི་ཆུ་ནི་ཆིལ་ཆིལ་ལྷུང་ལྷུང་གིས་མཁའ་ནས་ཐུར་ལ་འབབ་ཞིང་། ཆུའི་ཟེགས་མ་འཐོར་བའི་གསེབ་ནས་དབང་གཞུའི་མེ་ཏོག་འཛུམ་འོང་ལ། ཆུ་རྡུལ་ཕྲ་མོ་དག་ཀྱང་དྲི་བཞོན་རླུང་གི་རྒྱུ་ཕྱོགས་ཀྱིས་ངེད་ཅག་གི་གདོང་ལ་བབས་བྱུང་བས། གར་ཡོང་མི་ཤེས་པའི་སྐྱིད་སྣང་ཞིག་དང་བརྗོད་དུ་མེད་པའི་སེམས་ཚོར་ཞིག་ཀྱང་ག་ཤེད་ཅིག་ནས་བསྟབས་བྱུང་། གལ་ཏེ་སྨྱུ་གུའི་འཕྲུལ་རྩེད་ལ་དབང་འབྱོར་བའི་རྩོམ་མཁན་ཞིག་ཡིན་ན། ཚིག་གི་དོ་ཤལ་མཛེས་པའི་བརྩམས་ཆོས་ཤིག་གྲུབ་ཐུབ་པ་ལ་གདོན་མི་ཟ།
ཚ་རྔ་འགག་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ལྗོངས་ཁུལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་དུ་ཡོད་ཅིང་། དེ་ནི་ཀོས་ནན་རྫོང་དང་ཁྲི་ཀ་རྫོང་། ཞིན་ཧེ་རྫོང་གསུམ་གྱི་འདྲེས་མཚམས་རེད། འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱད་བརྒྱ་བདུན་ཅུ་ཡོད་ལ། དེ་རྨ་ཆུའི་སྟོད་རྒྱུད་ཀྱི་གཡང་འཁྱིལ་ཆུ་མཛོད་ནས་ལ་ཟེ་བ་ཆུ་མཛོད་བར་གྱི་ངོགས་གཉིས་སུ་ཁྱབ་ཡོད་པ་དང་དཀྱིལ་སྙིང་ས་ཁོངས་ནི་ཚ་རྔ་འགག་གྲོང་རྡལ་དུ་གནས་ཡོད། འདི་ནི་རྨ་འགག་མཛེས་ལྗོངས་དང་། ཆུ་ཐོག་རྩེད་འཇོ། བྱེ་གསེང་མྱུལ་ཞིབ། རིག་གནས་མྱོང་རོལ་བཅས་གཞི་གཅིག་ཏུ་འདྲེས་པའི་མཐོ་སྒང་གི་སྤྲོ་གསེང་ཁམས་གསོའི་ལྗོངས་ཁུལ་ཞིག་རེད།
ཚ་རྔ་འགག་གི་ཡིད་འོང་གི་ལྗོངས་ཁུལ།
གསར་འགོད་པ། ཚེ་མ། ལྕགས་ཐར་ཚེ་རིང་།