གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ། དབང་རྒྱལ་ཚེ་རིང་། ཚེ་མ་རྒྱལ། ཐུབ་བསྟན་རྡོ་རྗེ།) ཟླ5བའི་ཚེས31ཉིན། ང་ཚོའི་བཅར་འདྲི་ཚན་ཆུང་ཆར་ཟམ་ཟིམ་དང་། སྨུག་ལང་ལོང་གི་འགྲུལ་བཞུད་བརྒྱུད་དེ་སྐྱེས་རི་ཙོང་ཁའི་སྐྱེས་རིའི་ཉེ་འདབས་ན་ལྷེམ་མེར་ཆགས་པའི་དཔའ་ལུང་རྫོང་གཤོང་ཤན་བོད་རིགས་ཞང་གི་གཤོང་ཤན་སྡེ་བར་སྐྱོད་པ་ཡིན། ང་ཚོར་གནས་འདིར་ཐོན་མ་ཐག་རི་ཚོགས་ཀྱི་རྔམ་བརྗིད་དང་སྔོ་ལྗང་གི་ཁོར་ཡུག་ལྟ་ན་སྡུག་ལ། ལྷུང་ལྷུང་དལ་འབབ་རིང་མོའི་རྒྱུན་དང་འགྲོགས་པའི་ཆུ་ཕྲན་གྱི་སྙན་དབྱངས་དེས་ང་ཚོའི་ཡིད་སེམས་རབ་ཏུ་དགྱེས་ཤིང་དགའ་བ་འབུམ་གྱིས་བརྟས། རྒྱུས་ལོན་པ་ལྟར་ན། གནས་འདི་ན་མི་རབས་གསུམ་གྱི་ནགས་སྲུང་གི་གཏམ་རྒྱུད་ཅིག་ཡོད་ལ། མི་རབས་གསུམ་གྱི་ནགས་སྲུང་གི་གཏམ་རྒྱུད་ལས་ད་གཟོད་ཡིད་འོང་གི་གནས་མཆོག་ཅིག་དང་མཛེས་སྡུག་གི་ཕ་ཁྱིམ་གསར་བ་ཞིག་སྐྲུན་ཡོད་པ་ངང་གིས་རྟོགས་ཐུབ། གཤོང་ཤན་བོད་རིགས་ཞང་ནི་དཔའ་ལུང་རྫོང་གི་ནུབ་བྱང་གི་མཚམས་སུ་ཆགས་ཤིང་། རྫོང་དང་སྤྱི་ལེ66ཡོད་ལ། བོད་རིགས་མི་གྲངས་ཀྱིས48.7%ཟིན་ཡོད། རི་མཐོ་ས་གཙང་གི་གནས་འདིའི་བཀོད་པ་ལེགས་ཤིང་ཁོར་ཡུག་སྲུང་སྐྱོབ་མིག་ལྟར་གཅེས་པའི་རྣམ་པ་འདིས་ང་ཚོར་གཤོང་ཤན་ནགས་རའི་ས་ཚིགས་ཀྱི་ནགས་སྲུང་བ་དགེ་ལོ་དང་འདྲེས་པའི་མི་རབས་གསུམ་གྱི་གཏམ་རྒྱུད་དེ་དྲན་དུ་བཅུག
གཤོང་ཤན་ཞང་ནགས་རའི་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི11.25ཡོད་པ་དང་། དེར་ནགས་སྲུང་ས་ཚིགས6ཡོད། དགེ་ལོས་དོ་དམ་བྱེད་བཞིན་པའི་ནགས་སྲུང་ས་ཚིགས་འདི་ལ་ཁོ་དང་འདུས་པའི་ཉེ་མི་བཞི་ཡིས་གྲུབ་ཅིང་། ཁོ་ཚོས་སྲུང་སྐྱོབ་བྱེད་བཞིན་པའི་ནགས་སྲུང་ས་ཚིགས་འདིར་ས་མུའུ་ཁྲི3.4ཡོད། ཞོགས་པའི་ཆུ་ཚོད་ལྔའི་སྟེང་། དགེ་ལོའི་བུ་རྒྱ་མཚོ་དང་ནགས་སྲུང་བ་གཞན་རྣམས་མལ་ལས་བླངས་ཏེ་ཉིན་གཅིག་གི་ནགས་སྲུང་བྱ་བར་འཆར་འགོད་གང་ལེགས་བྱེད་བཞིན་ཡོད་དེ། དགེ་ལོ་ལ་མཚོན་ན། ནགས་སྲུང་ས་ཚིགས་ཤིག་གི་ལས་གནས་ཕྲག་ཏུ་བླངས་པ་ནས་བཟུང་། ཁོས་ཉིན་གཅིག་གི་བྱ་བའི་ལམ་ཐིག་དང་བྱ་བར་ལས་བགོས་སོགས་ལ་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཤིང་། མི་གཉིས་ཚོ་ཁག་གཅིག་ལ་བགོས་ནས་ཉིན་གཅིག་གི་ནགས་སྲུང་བྱ་བར་བཅོལ་གདམས་ཡང་ཡང་བྱས། ཞོགས་པའི་ཆུ་ཚོད་དྲུག་གི་སྟེང་ནས། ཁོ་ཚོ་རང་རང་སར་ལམ་ལ་ཆས་ཤིང་། ཕྱི་དྲོའི་ཆུ་ཚོད་བདུན་གྱི་སྟེང་ནས་སླར་ཡང་ནགས་སྲུང་ས་ཚིགས་འདི་ནས་ལྷན་དུ་འཛོམས། ཉིན་གཅིག་གི་ལམ་ཐིག་མ་ནོར་བར་འདི་ལྟར་དཔྱིད་དབྱར་སྟོན་དགུན་མེད་པར་དུས་ཡུན་རིང་བོར་ནགས་སྲུང་བྱ་བའི་ལས་ལ་གཞོལ་རྒྱུ་ནི་ཇི་འདྲའི་དཀའ་ཚེགས་ཆེ་བའི་ལས་ཤིག་རེད་ཨང་།
དགེ་ལོའི་ཕ་རྟ་མགྲིན་ནི་ལོ25ནས་ལོ78བར་ཚེ་ཡི་འཕེན་པ་རྫོགས་རག་བར་དུ་གནས་འདིའི་ནགས་སྲུང་བར་གྱུར་ལ། ཁོ་ལ་གཤོང་ཤན་ནགས་སྲུང་ས་ཚིགས་ཀྱི་རི་སྲུང་ཕོ་ཉའི་མཚན་སྙན་ཐོབ་མྱོང་། དགེ་ལོའི་བུ་རྒྱ་མཚོའང་དགེ་ལོའི་རེ་བཅོལ་ལྟར་གནས་འདིའི་ཁོར་སྲུང་བ་བྱས་ནས་ལོ་ངོ11འགོར་ཟིན། ལོ་ངོ་ལྔ་དྲུག་གི་ཐེམ་སྐས་ལ་བསྙེགས་ཟིན་པའི་དགེ་ལོ་ཡང་མི་རབས་གཉིས་ཀྱི་ས་མཚམས་སུ་ནགས་སྲུང་གི་བྱ་བར་འཐམས་ནས་ལོ་ངོ31འགོར་ལ། ལོ་ངོ་འདི་དག་གི་རིང་ལ་ཁོའི་རང་གི་ལང་ཚོའི་གཟི་དཔལ་ཡོད་ཚད་གནས་འདིའི་ནགས་སྲུང་གི་ལས་ལ་བསྟུན་ཞིང་། ཁོའི་སྟོབས་ཤུགས་དང་ལྷག་བསམ་ཡོད་ཚད་གནས་འདིའི་ནགས་སྲུང་བྱ་བར་ངང་གིས་བཅོལ།
གཤོང་ཤན་ནགས་ར་ནི1958ལོར་བཙུགས་ཤིང་། དེའི་སྔོན་དུ་དགེ་ལོའི་ཕ་རྟ་མགྲིན་གནས་འདིའི་ནགས་སྲུང་བ་ཡིན། དགེ་ལོ་ལོ25དུས་སུ། ཁོ་ཡང་ཕ་ལགས་དང་ལྷན་དུ་གནས་འདི་ནས་དྲང་བདེན་གྱིས་ནགས་སྲུང་གི་ལས་ཀར་གཞོལ་ཞིང་། སྐབས་དེར་དགེ་ལོ་ལ་ཟླ་གཅིག་གི་གླ་ཆ་སྒོར45ལས་མེད་པ་དང་། 2000ལོར་སླེབས་སྐབས། དགེ་ལོ་ལ་གླ་ཆ་སྒོར300འཕར། 2012ལོ་ནས་བཟུང་། དགེ་ལོ་ལ་ཟླ་རེའི་ཟླ་ཕོགས1400ལས་མེད་ནའང་། ཁོས་ལོ་ངོ31གི་རིང་ལ་ནགས་སྲུང་གི་བྱ་བ་འདི་ཉིད་རླབས་ཆེན་གྱི་བྱ་གཞག་ཅིག་ལ་བསམ་ནས་མཛེས་སྡུག་གི་ཕ་ཁྱིམ་ལ་སྔར་མེད་ཀྱི་ལང་ཚོ་གསར་བ་བསྩལ།
ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དུ་ཁོ་ཚང་གིས་མི་རབས་ནས་ཚེ་རབས་ལ་ས་གནས་འདིའི་ཁོར་སྲུང་གི་བྱ་བར་འབད་འབུངས་གང་ལེགས་གནང་བ་དང་། དཀའ་སྡུག་གི་ལོ་ཟླ་མང་པོ་བརྒྱུད་མཐར། ད་ལྟའི་ཆ་ལ་ས་གནས་འདི་ནི་རི་ཆུ་ནགས་གསུམ་གྱིས་ཀུན་ནས་བརྒྱན་ཞིང་། ཁོ་ར་ཁོར་ཡུག་ཐམས་ཅད་ལ་གསོན་ཤུགས་ཀྱིས་བརྟས་པའི་ཡུལ་གྲུ་ཆུང་ཆུང་ཞིག་ཏུ་གྱུར་འདུག་པས། ལོ་འདི་གའི་རིང་གི་འབད་བརྩོན་ལ་རྨད་དུ་བྱུང་བའི་གྲུབ་འབྲས་མངོན་འདུག