དབྱར་ཟླའི་ཁྲོད་ཀྱི་མཚོ་སྔོན་པོ་རྐང་ཚ།
2019.07.11 ཁུངས། ཀློག་གྲངས། 241

      (རྩོམ་པ་པོ། རྐང་ཚའི་མགོན་པོ)མདོ་སྨད་ཨ་མདོའི་ཡུལ་གྱི་རྒྱན་དུ་འབོད་པའི་ལྷ་མོ་སྟོང་གི་བླ་མཚོའི་བྱང་ཕྱོགས་ཕང་བ་རུ། གྲགས་སྙན་བ་དན་ཐ་དད་འགྲོ་བའི་ཐུགས་ན་གཡོ་བའི་འཇིག་རྟེན་གྱི་དག་ཞིང་ཆེན་པོ། ཆོས་དང་ནོར་གྱི་གདན་ས་མཚོ་སྔོན་པོ་རྐང་ཚ་ནི་མདོ་ལ་རི་བོའི་ལྷོ་རྒྱུད་དུ་ལྷ་བབས་ཀྱི་ཡུལ་གྲུ་བཞིན་ཆགས་ཡོད་པ་མཐོང་བ་ཙམ་གྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་ངེས།

ས་སྐྱིད་པོ་དབྱར་ས་མུ་རི་ས་རིག་ན་ཡིད་སྨོན་འཆོར་ས།

ལྷག་པར་དུ་དབྱར་ཟླའི་དུས་སུ་ནམ་མཁའ་ནི་བཻཌཱུརྱའི་མདོག་ལྟར་དྭངས་ལ་སྤྲིན་ཕུང་རྣམས་ལྷ་མོ་ཆུང་ཆུང་ཆང་གར་ལ་རོལ་བ་ལྟར་ནམ་མཁའ་ནས་རི་སྟེང་། རི་སྟེང་ནས་རི་ཤོད་ལ་དལ་དལ་དུ་འཆམ་འཆམ་བྱེད་ཅིང་།      མིག་གི་བུ་ལོན་འཕྲོག་པའི་སྤྲིན་ཕུང་རེ་རེ་ཡི་གར་སྟབས་ཁྲོད་ནས། ང་ཚོས་ཡིད་ཀྱི་ཞིང་ས་བརླན་པར་བྱེད་པའི་བྱ་དང་ཉ་ཡི་ཞིང་ཁམས་བོད་མཁར་རྐང་ཚའི་གཟི་འོད་མཐོང་ཐུབ་པ་མ་ཟད། གནས་འདིར་དགེ་བཅུ་ཚང་བའི་རྟག་བརྟན་གྱི་དགེ་མཚན་དེ་ཡང་གསལ་བོར་ཤེས་ཐུབ། དབྱར་ཟླའི་མཚན་མོའི་དུང་མདོག་གི་ཟླ་བ་ཤར་ཕྱོགས་ཞལ་དཀར་ལྷུན་པོའི་གཙུག་ཏོར་ལས་བྱུང་དུས།      འོད་དཀར་གྱིས་ཡོངས་སུ་ཁྱབ་པའི་རི་ཀླུང་དང་དལ་འགྲོ་དུ་མའི་རྣམ་པ་ནི་དངུལ་བྲིས་ཀྱི་ཐང་ག་ཆེན་མོ་ཞིག་ས་ལ་བཏང་བ་དང་གཉིས་སུ་མ་མཆིས་པར་བབ་ཆགས་སུ་སྣང་ལ།  སྐབས་འདིའི་ལྷིང་འཇགས་ཀྱི་མཁའ་དབུགས་སྐྱིད་པོ་དེས་ན་ཆུང་བུ་མོ་དག་གི་སེམས་ཀྱི་གསང་བ་སྙིང་གི་བུ་ག་ནས་ལྕེ་རྩེར་འདྲེན་ཐུབ་ལ། གཞོན་ནུ་འཇམ་པོ་ཞིག་གི་རུམ་ཁ་རུ་མི་ཚེ་འདིའི་འཚོ་བའི་དཀར་ཆག་ཡང་བྲི་རུ་འཇུག་ཐུབ།

དབྱར་ཟླ་གཞུང་མཚན་མོའི་ཡུལ་ལྗོངས་ནང་ན་ཟླའི་སྣང་བ་མཐུན་ས།

མགྲོན་པོ་ལགས། དབྱར་དུས་སུ་ཚ་བ་སྙོམ་ཞིང་གྲང་བ་འཇམ་པ་ཨ་མའི་མངལ་ལྟ་བུའི་མཐོ་སྒང་གི་ཕ་ཁྱིམ་འདིར། འཇའ་ཚོན་ལུས་ལ་གྱོན་ནས་མེ་ཏོག་གི་འདབ་སྟེང་ལ་རྐང་རྗེན་དུ་ཕེབས་ན་འདོད་དམ། གསེར་མདོག་གི་ཤ་མོའི་སྟེང་ལ་འོ་མདོག་གི་མར་རྩམ་བླུགས་ནས་རོ་བཅུད་ཀྱི་དུང་བ་གསོས་ན་འདོད་དམ། ཡུལ་འདིའི་སྲོལ་དང་རིག་གནས་ལ་འགྲོགས་ནས་ཚངས་མགུར་གསེར་གྱི་མེ་ཏོག་ཁྲི་ཤོར་རྒྱལ་མོའི་རླབས་རྩེ་ལ་གཏོར་ན་འདོད་དམ།  གཞན་ད་དུང་བྲག་ངོས་རི་མོ་དང་རི་མགོའི་ལབ་ཙེ། ཉག་གའི་སོ་སྟེགས་དང་རི་སྐེད་ཀྱི་མཁར་ཤུལ། གངས་འདབས་ཀྱི་ཇག་ལམ་དང་མཚོ་མཐའི་ཚོང་ལམ་སོགས་སྔར་བཞིན་དབྱར་ཕ་མ་འདྲ་བའི་བྱང་སེམས་ཀྱི་གཤོག་འོག་ན་རྒྱང་རིང་གི་ཁྱེད་ལ་བསྒུག་ཡོད།

ལུག་ཚེར་དཀར་ཚེར་མ་ཁ་འཐོར་སྤྲིན་དཀར་པོའི་འདབ་མ་འདྲེས་ས།

ཕྲེང་བཟུང་ལོ་ལོན་ཚོའི་མིག་གཉིས་བཙུམ་ནས་སྐྱེས་བ་རྗེས་མ་བཅོལ་སའི་ཕ་ས་གཡང་གི་ར་བ་འདིར། དབྱར་གྱི་ཚ་བས་སྤང་ཐང་གི་མེ་ཏོག་ལྷུང་མ་མྱོང་ལ་དགུན་གྱི་ཁ་བས་བདེ་སྐྱིད་ཀྱི་འཚོ་བ་འཕྲོག་མ་མྱོང་ཕྱིར།  གནས་འདིའི་སྐབས་ཀྱི་གཞི་སྡོད་མི་རིགས་གང་ལ་མཚོན་ན་ཡང་ཁ་ཞག་ཀྱུག་ཀེ་ཁུ་ཞག་ལྡེམ་མེར་ཡོད་ལ། རྒས་པའི་ལོ་ཡིས་དེད་དེ་རང་རང་གི་འདས་པ་མང་ཤེས་བརྗེད་ན་ཡང་། གཡང་ལྡན་ཕྱུག་མོ་འདི་བློ་ལས་མི་འབོར་བ་སྐྱིད་ཀྱི་ཉི་མ་ནུབ་མ་མྱོང་པ་དང་སྡུག་གི་མུན་པ་འཐིབ་མ་མྱོང་པའི་ཕྱིར་རོ། །

རྫ་མཐོན་པོ་ཨ་མྱེས་བྭ་ཡན་ཡུལ་རྐང་ཚ་ཚང་གི་གནས་རི།

གནས་ལྷ་ཡུལ་འདྲ་བའི་བྱིན་རླབས་དང་དབྱར་རྨི་ལམ་འདྲ་བའི་བར་སྟོང་མྱུལ་ནས་དད་ལྡན་གྱི་ཚོགས་རྣམས་གནས་སྐོར་ལ་ཕེབས་དང་བླ་མཚོའི་འཛུམ་གྱིས་བསུས་ཡོད། སྨྱུག་ཐོགས་ཀྱི་དཔྱོད་ལྡན་རྣམས་རིག་པའི་འཚོལ་སྙེག་ལ་ཕེབས་དང་ཕ་ཁྱིམ་གྱི་སྒོ་གླེགས་ཁྱེད་ལ་ཕྱེས་ཡོད།  ཡུལ་སྐོར་ལ་དགའ་བ་རྣམས་ལྷོད་གཡེང་ལ་ཕེབས་དང་སེམས་པ་བྱ་ལ་འགྲོགས་ནས་མཁའ་ལམ་མྱུལ་ཆོག་ཅིང་ལྟོ་དཀར་ཉ་མོར་འགྲོགས་ནས་རླབས་ལ་ཡང་འདྲེས་ཆོག

བྱ་ཁྱུ་རླབས་ལ་འདྲེས་ས་མཚོ་མོ་ཁྲི་ཤོར་རྒྱལ་མོ།

ང་ཚོའི་དབྱར་གྱི་དུས་འདི་ཕ་མའི་ཚད་ལ་དཔེ་འཇོག་སྲིད་པ་བཞིན་དུ་ང་རང་ནས་ཀྱང་ཟླ་དྲུག་པའི་མཚོ་སྔོན་པོ་རྐང་ཚ་འདི་བདག་སྐུ་མགྲོན་གཉི་གའི་ཕ་ཁྱིམ་ཡིན་ཞེས་ངག་ནས་གླེང་ཐུབ།