རྩེ་ཁོག་རྫོང་གི་མཁར་གྲོང་འཛུགས་སྐྲུན་ལ་འཕེལ་རྒྱས་བྱུང་སྟེ་མི་དམངས་སྐྱིད་ཀྱི་གཞི་ལ་བཀོད།
2019.07.17 ཁུངས། ཀློག་གྲངས། 22

བགྲང་བྱ་བདུན་ཅུ་འཛུམ་གྱིས་བསུ། དུས་རབས་གསར་བར་སྤོབས་པས་བསྐྱོད། 


གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན། ཐུབ་བསྟན་རྡོ་རྗེ།)  ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་ཉི་འོད་འཛིན་མའི་ཁྱོན་ཡོངས་ལ་འཕྲོས་པ་ན་ས་གཞི་ཧྲིལ་བོར་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་ཡོད་ལ། ཁོར་ར་ཁོར་ཡུག་ཀུན་ཏུའང་གསོན་ཤུགས་ཀྱིས་བརྟས་ཏེ་མི་རྣམས་ལ་སེམས་བདེ་བག་ཕེབས་ཀྱི་སྣང་བ་ཞིག་ངང་གིས་སྟེར་བར་བྱེད། རྩེ་ཁོག་རྫོང་ལ་མཚོན་ནའང་མ་ཡུམ་མེས་རྒྱལ་གྱི་ས་ཁུལ་གཞན་དག་འདྲ་བར་འཕེལ་རྒྱས་ཀྱི་ལམ་བུའི་ཁྲོད་དུ་ཉིན་རེ་བཞིན་ཡར་ཐོན་དང་མདུན་སྐྱོད་ཀྱི་ལམ་ཁར་སྙེག་བཞིན་ཡོད་ལ།  ཏང་དང་རྒྱལ་ཁབ་ཀྱི་རུམ་ཁོངས་སུ་རྩེ་ཁོག་གི་ཕྱིའི་བཀོད་པ་ལ་འགྱུར་ལྡོག་བླ་ལྷག་བྱུང་སྟེ། ནང་སེམས་ཅན་མཐའ་དག་གིས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྡོངས་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་མཆིས། 

ཉེ་བའི་ལོ་འགའི་རིང་རྩེ་ཁོག་རྫོང་གིས་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་འོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་གྱིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐད་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་དགོས་མཁོ་ལྟར། ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་འཛུགས་སྐྲུན་ལས་གཞི་སྐོར་ཞིག་བསྒྲུབས་པས། མཁར་གྲོང་གི་སྒྲིག་ཆས་སྔར་བས་འཐུས་ཚང་དང་ཞབས་ཞུའི་ནུས་སྒོ་སྔར་བས་ཇེ་ལེགས། མཁར་གྲོང་གི་མཛེས་ཉམས་སྔར་བས་ཇེ་ལེགས་སུ་ཕྱིན་པས། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ནུས་ལྡན་གྱི་སྟོབས་ཤུགས་མི་དམན་པ་བཏོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་ཕྱོགས་ཀྱི་ལས་གཞི་བསྡོམས་པས40ལྷག་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར6.2ལྷག་བཏང་། དེའི་ཁྲོད་མཁར་གྲོང་གི་བགྲོད་ལམ་ཕྱོགས་ཀྱི་ལས་གཞི་བཅུ་དྲུག་དང་དྲོད་འདོན་ཕྱོགས་ཀྱི་ལས་གཞི་གསུམ། ཆུ་འདོན་ཕྱོགས་ཀྱི་ལས་གཞི་གཉིས། བཙོག་འདོན་ཐད་ཀྱི་ལས་གཞི་གཉིས། གད་སྙིགས་གཙང་སེལ་ཐད་ཀྱི་ལས་གཞི་གཉིས། མཁར་གྲོང་གི་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་ལས་གཞི་གསུམ། འགན་སྲུང་ཁང་བའི་ཐད་ཀྱི་ལས་གཞི་བཅུ་གཅིག་བཅས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པས། རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་མཁར་གྲོང་གི་ཕྱིའི་བཀོད་པའང་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན།

དེ་ལས་གཞན་རྩེ་ཁོག་རྫོང་གིས་མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་ཐད་ནས་ཁང་བ་གསར་བསྒྱུར་དང་གྱང་ངོས་མཛེས་བཟོ། བགྲོད་ལམ་འཛུགས་སྐྲུན། གློག་སྡོང་འཛུགས་སྐྲུན། རིག་གནས་ཐང་ཆེན་སོགས་གཙོ་ཡིན་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མང་ཚོགས18124ལ་ཕན་བདེ་བསྐྲུན་ཞིང་། མཐོ་སྒང་གི་མཁར་གྲོང་འཛུགས་སྐྲུན་ཕྱོགས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད། སྡེ་བའི་ཁོར་ཡུག་ལེགས་བསྒྱུར་དང་སྡོད་དམངས་གཏན་སྡོད་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། རྨང་གཞིའི་སྒྲིག་ཆས་ལ་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་བྱུང་། གཞན་ཡང་རྗེས་མཐུད་ཐོན་ལས་ཀྱི་འཕེལ་རྒྱས་ལ་ནུས་ལྡན་གྱི་གསོ་སྐྱོང་དང་སྣེ་ཁྲིད་བྱེད་པར་ནུས་པ་གང་ཡོད་ཐོན་ཡོད་པས། ཏང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་ལམ་སྔར་བས་སྲ་བརྟན་བྱུང་ཡོད།  རྒྱལ་ཡོངས་སུ་ཁང་བ་རྙིང་བ་དང་ཞིག་སྐྱོན་ཤོར་བ་རྣམས་གསར་སྐྲུན་བྱེད་པའི་སྲིད་ཇུས་རབས་དང་རིམ་པ་སྤེལ་བ་དང་བསྟུན་ནས་རྩེ་ཁོག་རྫོང་གིས་ཀྱང་ཏང་གི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ། རྩེ་ཁོག་རྫོང་གི་འབྲོག་པ་མང་ཚོགས་རྣམས་ས་ཁང་དུ་སྡོད་པའི་ལོ་རྒྱུས་ལ་རྫོགས་ཚིག་བཀོད་ནས་བདེ་འཇགས་དང་ཁོད་ཡངས་པའི་སྡོད་ཁང་གསར་བར་འཚོ་བ་རོལ་བའི་དབུ་བརྩམས་པས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དོན་དངོས་ཀྱི་སྟེང་ནས་ཕན་བདེ་གང་མང་བསྐྲུན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་རིམ་ཁྲོད་བསྐྱོད་པར་སྐུལ་འདེད་བྱས། དེ་དང་བསྟུན་ནས་སྤྱི་ཚོགས་ཀྱི་ཕན་ནུས་དང་དཔལ་འབྱོར་གྱི་ཕན་ནུས་ལ་མངོན་གྱི་འཕེལ་རྒྱས་བྱུང་སྟེ། མི་དམངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བཞིན་མཆིས།