གཅན་ཚའི་ལྷོ་རིའི་ནགས་གླིང་གིས་སྡོང་འཛུགས་ནགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས།
2019.07.17 ཁུངས། ཀློག་གྲངས། 27

བགྲང་བྱ་བདུན་ཅུ་འཛུམ་གྱིས་བསུ། དུས་རབས་གསར་བར་འབད་པས་བསྐྱོད།


རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གཙན་ཚ་རྫོང་ནི་རང་བྱུང་བཀོད་པ་ཁྱད་པར་དུ་འཕགས་པའི་ཡུལ་གྲུ་ཞིག་ཡིན་ཏེ། ཁྱད་ཆོས་ལྡན་པའི་རང་བྱུང་གི་ཁོར་ཡུག་གི་དབང་གིས་གནས་འདིར་རིག་གནས་སྣ་མང་དང་མཛེས་ཤིང་སྡུག་པའི་ཁོར་ཡུག་ཅིག་ངང་གིས་གྲུབ་འདུག ལྷག་པར་ལོ་ངོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱིས་ས་གནས་ཀྱི་འཕེལ་རྒྱས་ལ་དམིགས་ནས་དེར་མཐུན་གྱི་སྲིད་ཇུས་མང་པོ་སྤེལ་བ་དང་སྦྲགས། ཕྱོགས་གང་ཐད་ནས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་ལ། ལྷག་པར་ཡུལ་གྲུ་འདི་ནི་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཁོར་ཡུག་སྲུང་སྐྱོབ་དང་སྡོང་འཛུགས་ནགས་སྐྲུན། བྱེ་འགོག་སོགས་ཀྱི་ཐད་ལ་སྟོབས་ཤུགས་གང་ཡོད་བཏོན་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་ལྗང་བསྒྱུར་ལ་འབད་དེ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། དེ་དག་གི་ཁྲོད་ནས་ལྷོ་རིའི་ནགས་གླིང་ནི་ཁོར་ཡུག་སྲུང་སྐྱོབ་དང་སྡོང་འཛུགས་ནགས་སྐྲུན་གྱི་ཐད་ལ་གྲུབ་འབྲས་འབུར་ཐོན་བསྐྲུན་ཡོད་པ་ཞིག་རེད།


གཅན་ཚ་རྫོང་ལྷོ་རིའི་ནགས་གླིང་ནི2016ལོའི་ཟླ9བར་བཙུགས་པ་དང་།  དེའི་གནས་ཡུལ་ནི་མར་ཁུ་ཐང་གྲོང་རྡལ་གླེ་ཆེན་སྡེ་བའི་ཕྱོགས་སུ་ཡོད། རྒྱ་ཁྱོན་ལ་མུའུ་ཁྲི10.89ཡོད་ལ། བདག་གཉེར་གྱི་ཁྱབ་ཁོངས་སུ་གྲོང་རྡལ་གཅིག་དང་སྲིད་འཛིན་སྡེ་བ14ཡོད་པ་དེར་ཁྱིམ་ཚང4775དང་མི་གྲངས13519ཡོད། ནགས་གླིང་འདིའི་ཤར་རྨ་ཆུ་དང་ལྷོ་ཡང་ཆུང་ལུང་པ། ནུབ་ཀོའུ་བ་དགོན་དང་བྱང་ཀིས་ཅུ་ལུང་བར་འབྲེལ་ཡོད་པ་དང་། ནགས་གླིང་འདིར་ད་ལྟ་ལས་བཟོ་བ་བརྒྱད་ཡོད་ལ། དེའི་ཁྲོད་ནགས་ལས་ཀྱི་མཐོ་རིམ་ལས་སྐྲུན་པ་གཅིག་དང་ནགས་ལས་ལས་སྐྲུན་པ་གཉིས། ལག་རྩལ་པ་གཉིས། ལས་མི་སྤྱིར་བཏང་བ་གཅིག་བཅས་ཡོད། དེར་སྲུང་སྐྱོབ་ས་ཁུལ་བདུན་དང་ནགས་སྲུང་བ་ཞེ་ལྔ་ཡོད།

ཉེ་བའི་ལོ་འདི་གའི་རིང་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་ཞེས་གསུངས་པ་ལྟར་རྒྱལ་ཁབ་ཀྱིས་སྡོང་འཛུགས་ནགས་སྐྲུན་གྱི་བྱ་བར་མཐོང་ཆེན་གནང་བ་དང་བསྟུན་ནས་ནགས་གླིང་འདིས་ཀྱང་སྡོང་འཛུགས་ནགས་སྐྲུན་ཕྱོགས་ཀྱི་སྲིད་ཇུས་རབས་དང་རིམ་པ་ལག་ཏུ་བསྟར་ཏེ། 2014ལོར་ལྷོ་རིའི་སྟེང་དུ་མུའུ་སྟོང་གི་སར་སྡོང་འཛུགས་ནགས་སྐྲུན་བྱས་པ་དང་། 2015ལོ་ནས2016ལོའི་བར་དུ་མུའུ་ཉིས་སྟོང་བཞི་བརྒྱ་ཡོད་པའི་སར་སྡོང་འཛུགས་ནགས་སྐྲུན་བྱས། 2017ལོར་ཡང་བསྐྱར་ལྷོ་རིའི་སྒང་དུ་མུའུ་ལྔ་སྟོང་ཉིས་བརྒྱ་ཡོད་པའི་སར་སྡོང་བ་བཙུགས། 2018ལོར་ལྷོ་རིའི་སྒང་དུ་མུའུ་སུམ་སྟོང་ལྔ་བརྒྱ་དང་ནུབ་རིའི་སྒང་དུ་མུའུ་དྲུག་བརྒྱ།  ལོ་བ་སྡེ་བར་མུའུ་ཉིས་སྟོང་། སྐྱ་རེངས་སྡེ་བར་མུའུ་ཆིག་སྟོང་ལྔ་བརྒྱ། སྔོ་སྐྱ་སྡེ་བར་མུའུ་སྟོང་བཅས་ཡོད་པའི་སར་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། ཡུལ་གྲུ་སྔོ་ལྗང་ཅན་དུ་བསྒྱུར་བ་དང་ས་ཆུ་སྲུང་འཛིན་བྱེད་པའི་ཐད་ལ་ནུས་ཤུགས་གང་ཡོད་བཏོན།  གཞན་ཡང་སྡོང་འཛུགས་ནགས་སྐྲུན་བྱས་ཡོད་པའི་ཁྱབ་ཁོངས་སུ་ཆུ་མཛོད11དང་ཆུ་གཏོང་བྱེད་ཀྱི་སྦུག་ལམ་སྤྱི་ལེ་དོན་དྲུག མེ་འགོག་བྱེད་པར་བསྐྲུན་པའི་གཞུང་ལམ་སྤྱི་ལེ44འཛུགས་སྐྲུན་བྱས་ཏེ།ལྷོ་རིའི་ནགས་གླིང་མུ་མཐུད་ནས་སྔོ་ལྗང་ཅན་དང་གསོན་ཤུགས་རྒྱས་པར་འགན་ལེན་དང་ཁག་ཐེག་གང་ལེགས་བྱས་ཡོད།

ལྷོ་རིའི་ནགས་གླིང་བཙུགས་པ་ནས་ད་ལྟའི་བར་དུ་གོང་རིམ་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག ཁྱད་ཆོས་མངོན་པར་བཏོད་པ་དང་བསམ་བློའི་འཁོར་ཕྱོགས་ཇེ་ལེགས་སུ་གཏོང་བའི་ལམ་ཕྱོགས་ལྟར། ནགས་སྐྲུན་དང་ལྗོངས་སྐྲུན་མཉམ་སྤེལ། ལྗང་བསྒྱུར་དང་མཛེས་བསྒྱུར་མཉམ་སྐྲུན་གྱི་རྩ་དོན་སྒོས། ཚད་མཐོ་བའི་ཇུས་འགོད་དང་ནགས་སྐྲུན། འདེབས་འཛུགས་བཅས་བྱས་ཏེ། ས་གནས་འདིའི་ཁོར་ཡུག་ལེགས་བསྒྱུར་ཐད་ལ་ཚན་རིག་མཐུན་པའི་སྒོ་ནས་ནུས་ཤུགས་བཏོན་ཡོད་ལ། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུའང་སྔར་ལས་ལྷག་པའི་སྒོ་ནས་ནུས་ཤུགས་གང་ཡོད་བཏོན་ཏེ། ནགས་སྐྲུན་གྱི་སྤུས་ཚད་དང་གྲུབ་འབྲས་སོགས་འགན་ལེན་གང་ལེགས་བྱེད་པ་དང་། དོན་དངོས་ཀྱི་སྟེང་ནས་ལྷོ་རིའི་ནགས་གླིང་འདི་ཉིད་མཛེས་སྡུག་ལྡན་པ་ཞིག་དང་གསོན་ཉམས་ལྡན་པ་ཞིག་ཏུ་བསྒྱུར་བར་སྟོབས་ཤུགས་གདོན་པར་ཡིད་ཆེས་ཀྱིས་ཁེངས་འདུག