བླ་མཚོ་རྟགས་མའི་རྟ་རྒྱུགས་འགྲན་ཚོགས། ངོ་མཚར་གྱི་ལྟད་མོ་འདི་ན་མཆིས།
2019.08.09 ཁུངས། ཀློག་གྲངས། 280

     (­ གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས། ) ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་འོག གུང་ཧོ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ལོ་ངོ་བདུན་བཅུར་སྟོབས་འབྱོར་རྒྱས། དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པ་བརྗོད་དོན་དུ་བཟུང་ནས། བླ་མཚོ་རྟགས་མའི་མི་རིགས་མཐུན་སྒྲིལ་གྱི་རྟ་རྒྱུག་འགྲན་ཚོགས་སྐབས་གསུམ་པ་དང་དབུལ་སྐྱོར་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་གྱི་བྱ་འགུལ་དེ་མཚོ་ཆེན་ཁྲི་གཤོག་རྒྱལ་མོའི་འགྲམ་རྒྱུད་དུ་གཟབ་རྒྱས་ངང་འཚོགས།

     ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅེན་མེན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུན་བཟང་། ཁུལ་ཨུའི་རྒྱུན་ཨུའམ་གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཁྲུན་ཧོང་ལིན། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བང་ཡོན་བའོ། གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དཔལ་ལྡན། དེ་མིན་ཁུལ་དང་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དག་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པར་མ་ཟད། རིགས་སོ་སོའི་མང་ཚོགས་དང་སྨྱན་བྱད་ལས་ཁུངས་ཉི་ཤུ་ལྷག་བྱ་འགུལ་ལ་ཞུགས།

མཚོ་ལྷོ་ཁུལ་དང་གུང་ཧོ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དག

གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཁྲུན་ཧོང་ལིན་གྱིས་ཤིས་ཚིག་ཕུལ་བཞིན་པ།

གུང་ཧོའི་རྫོང་དཔོན་དཔལ་ལྡན་གྱིས་བྱ་འགུལ་ལ་འགོ་འཛིན་གནང་བཞིན་པ།

མཛད་སྒོའི་སྟེང་ཕེབས་ཡོད་པའི་མགོ་ཁྲིད་ལྷན་རྒྱས།

རོང་འབྲོག་མང་ཚོགས་རྣམས་ཀྱིས་རེ་སྒུག་ཁྲི་སྟོང་གི་ཁྲོད་ནས་རྟ་རྒྱུག་དུས་ཆེན་དགའ་བས་བསུ།

       ཟླ་བརྒྱད་པའི་མཚོ་འགྲམ་རྩྭ་ཐང་། སྤང་མེ་ཏོག་མགོ་ལྕོག་ལྡེམ་ལྡེམ། ཆུ་གཙང་བོ་བཞུར་སྒྲ་ཤག་ཤག རྟ་ནོར་ལུག་མཆོང་ལྡིང་ལྷང་ལྷིང་། སེམས་བསམ་པ་མཐུན་པ་སྤུན་བཞི། གསེར་ཞུན་ཁུ་བས་ལན་བརྒྱར་བྱུགས་འདྲའི་མེ་ཏོག་གི་ཚོམ་བུ། དྭངས་ཤིང་གསལ་བའི་གཡུ་ཡི་མཚོ་མོ་དང་། གཡའ་དག་ཅིང་རྡུལ་བྲལ་བའི་ནམ་མཁའ་སྔོན་པོ། རྨིག་བཞི་རླུང་ལ་བསྐྱོད་པའི་འདོ་རིགས་རྟ་ཕོའི་བང་རྩལ་སོགས་མཛེས་སྡུག་སྟོང་ཕྲག་གི་བཀོད་པ་མ་བཅོས་ལྷུན་གྱིས་གྲུབ་ཡོད།  རྫོང་ཡོངས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་བཅུ་འཁོར་བར་རྟེན་འབྲེལ་ཞུ་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་གནད་འགག་གི་དུས་སྐབས་འདིར། གུང་ཧོ་རྫོང་གིས་དབྱར་གཞུང་སྣུམ་པོ་འདིའི་མཛེས་སྡུག་གི་ཐུ་འོག་ནས་ཕྱོགས་བཞིའི་སྐུ་མགྲོན་དང་མཉམ་དུ་མཚོ་ཆེན་ཁྲི་གཤོག་རྒྱལ་མའི་རྩྭ་ཐང་དུ་ལྷན་འཛོམས་བྱུང་སྟེ། རིག་རྩལ་འཁྲབ་སྟོན་དང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་རྒྱ་ཆེན་པོ་སྤེལ། 

གུང་ཧོ་རྫོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ལྔའི་གྲས་ཀྱི་གཅིག་ཡིན་པ་དང་། མཚོ་སྔོན་བོད་ཁུལ་གྱི་མི་གྲངས་ཅུང་མང་ཞིང་། ས་རྒྱ་ཆེ་བ། ཕྱུགས་ལས་དཔལ་འབྱོར་གཙོ་བོར་བཟུང་བའི་རྫོང་ཞིག་ཡིན་པ་དང་། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ས་གནས་འདིའི་མི་རིགས་སོ་སོའི་མཐུན་སྒྲིལ་འབད་བརྩོན་དང་ཆོས་ལུགས་སྣ་མང་། འབྱོར་ཕྱུག་འཆམ་མཐུན། བདེ་སྐྱིད་མཉམ་གནས། རིག་གནས་སྣ་མང་མཉམ་འདྲེས་འཕེལ་རྒྱས་སྒོས་གུང་ཧོ་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་རྒྱུད་མཐུད་བྱུང་བ་དང་བསྟུན་ནས་རྟ་རྒྱུགས་འགྲན་ཚོགས་ཆེན་མོ་ལོ་རེ་རེར་སྤེལ་བཞིན་ཡོད།

འདོ་རིགས་རྟ་ཕོའི་བང་རྩལ་འགྲན་བཞིན་པ།

ཕ་དང་ཨ་ཁུས་ཀི་བསོའི་ཁ་གཡང་སྒྲོག་བཞིན་པ།

མགོ་ལོག་གླུ་བ་རྒྱལ་མཚན་གྱིས་གླུ་གར་གྱིས་མཆོད་པ་འབུལ་བཞིན་པ།

གླུ་བ་འབྲུག་བྱམས་ཚེ་རིང་གིས་ངག་སྙན་མོ་དབྱངས་ལ་འགུག་བཞིན་པ།

གར་གྱི་སྟངས་སྟབས་ངོམ་བཞིན་པ།

      ཐེངས་འདིའི་བྱ་འགུལ་ཉིན་གསུམ་གྱི་རིང་ལ་སྤེལ་རྒྱུ་ཡིན་པ་དང་། མི་རིགས་རང་བཞིན་དང་སྲོལ་རྒྱུན་རང་བཞིན་ནུས་ལྡན་གཅིག་གྱུར་སྒོས་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག གཡག་རྒྱུག གུར་ཕུབ་འགྲན་བསྡུར། ཐག་འཐེན་དང་ས་སྒྱེ་འགྱོག་པ། དབུལ་སྐྱོར་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྣ་མང་བཀོད་སྒྲིག་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་བརྗེ་རེས་དང་། ལུས་རྩལ་ལ་དགའ་བ། མཛེས་སྡུག་གི་གུང་ཧོ་བསྐྲུན་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་མ་ཟད། དམངས་ཁྲོད་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དར་སྤེལ། རིག་གནས་ལུས་རྩལ་ལས་དོན་དང་གནས་སྐོར་དབུལ་སྐྱོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད། རབ་མཛེས་མཚོ་སྔོན་དང་དྭངས་གཙང་གི་མཚོ་ལྷོ། ངོ་མཚར་བའི་གུང་ཧོའི་མཚན་སྙན་མཐོར་འདེགས་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

      ས་གནས་འདིའི་མི་རིགས་ས་ཁོངས་ཀྱི་རིག་གནས་རྨང་མཐུག་ཅིང་ལོ་རྒྱུས་ཀྱི་རྒྱུན་རིང་བ། ལྷག་པར་དུ་སྟག་ཤར་གྱི་དཔའ་ཉམས་མངོན་པར་རྫོགས་པའི་རྟ་རྒྱུག་འགྲན་བསྡུར་སོགས་ཀྱི་སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་བྱ་འགུལ་ལ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། གུང་ཧོ་རྫོང་གིས་རིག་གནས་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཤིང་། མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཐག་སྦྲེལ་ཏེ། སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་དང་བསྟོད་བསྔགས་ཆེན་པོ་ཐོབ་བཞིན་ཡོད།

ཁྱད་ལྡན་ཐོན་རྫས་སྣ་ཚོགས།

ལྟད་མོ་བའི་ཚོགས།