ལག་ཤེས་བཟོ་རྩལ་གྱིས་མི་དམངས་ཀྱི་འཚོ་བར་སྟོབས་ཤུགས་བསྩལ།
2019.09.23 ཁུངས། ཀློག་གྲངས། 10

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར།  གསར་འགོད་པ།  ཐུབ་བསྟན། 

ཉེ་བའི་འདི་གའི་རིང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྣེ་ཁྲིད་དང་ས་གནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། པདྨ་རྫོང་རོང་འབྲོག་དམངས་ནུས་རྩལ་གསོ་སྦྱོང་ལྟེ་གནས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་དུས་རབས་གསར་བའི་གོམ་སྟབས་དང་ལྷན་དུ་འབད་པ་ལྷོད་མེད་བྱེད་བཞིན་མཆིས་ཤིང་། དེར་བོད་ཀྱི་ཐང་ག་དང་རྫ་ནག ཤིང་བརྐོས་སོགས་སྲོལ་རྒྱུན་གྱི་རིག་གནས་མང་པོ་རྒྱུན་འཛིན་བྱེད་པའི་ཁར། དེ་ཉིད་ཚོང་ལས་དང་ཁྲོམ་ར་ཅན་གྱི་ཕྱོགས་སུ་བསྒྱུར་ནས། རང་ཞིང་གི་ས་ཁུལ་སོ་སོ་དང་ཟི་ཁྲོན། ཧྲང་ཧེ་སོགས་ས་གནས་མང་པོར་ཕྱིར་འཚོང་བྱེད་བཞིན་ཡོད་ལ། དེ་ཡང་ཏང་དང་རྒྱལ་ཁབ་ཀྱིས་ས་གནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་བསམ་བློའི་ཆུ་ཚད། ལག་རྩལ་གྱི་བྱང་ཚད་ཇེ་ལེགས་དང་ཇེ་མཐོར་འགྲོ་དགོས་པའི་དམིགས་ནས་ལོ་རེ་བཞིན་མ་དངུལ་དང་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་རོགས་སྐྱོར་ཆེན་པོ་གནང་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། དྨ་རྫོང་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་ལྟེ་གནས་ནི་པདྨ་རྫོང་གིས་ཕྱོགས་ཡོངས་ནས་པདྨའི་མཛེས་ལྗོངས་དང་ཐུན་མིན་གྱི་མི་རིགས་རིག་གནས་དྲིལ་སྒྲོག་བྱེད་པར་དམིགས་ནས་བཙུགས་པའི་ཐོན་སྐྱེད་དང་ལས་སྣོན། གསོ་སྦྱོང་སོགས་ནུས་སྒོ་སྣ་མང་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ར་བ་ཞིག་ཡིན་ཞིང་། དེའི་ཁྲོད་པདྨའི་བོད་ཇ་དང་རྫ་ནག གདོང་འབག འཇིམ་བརྐོས། ཤིང་བརྐོས་སོགས་ཐོན་སྐྱེད་ལས་སྣོན་ཁང་ཡོད་པ་དང་། ནུས་རྩལ་གསོ་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱས་པས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་མང་པོར་སྲུང་སྐྱོབ་ལེགས་པོ་བྱས་པ་དང། དེ་དང་བསྟུན་ནས་ཡོང་སྒོ་འཕར་སྣོན་འབྱུང་བྱེད་ཀྱི་ཐབས་ལམ་རྒྱ་བསྐྱེད་དེ་འབྲོག་པ་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རོགས་འདེགས་བྱས་པས། རྫོང་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་དང་གནད་ཁེལ་དབུལ་སྐྱོར་གྱི་ལས་དོན་གཉིས་མཉམ་གཅིག་ཏུ་སྤེལ་བར་སྐུལ་འདེད་བྱེད་པ་མངོན་འགྱུར་བྱུང་།

དྨ་རྫོང་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་ལྟེ་གནས་ལས་གླིང་གེ་སར་ཐང་གའི་ལག་ཤེས་བཟོ་རྩལ་ཕྱིར་འཚོང་ཁང་ནི2014ལོའི་ཟླ11པའི་ནང་བཙུགས་ཤིང་། ཡུན་རིང་གི་ཐོན་སྐྱེད་དང་འཕེལ་རྒྱས་བརྒྱུད། ད་སྐབས་སློབ་མ་བརྒྱ་ལྷག་གིས་གནས་དེར་ཐང་ག་འབྲི་བཞེངས་དང་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་བཞིན་ཡོད་པ་དང་། དེ་དག་ལས་སློབ་མ་སུམ་ཅུ་ལྷག་གིས་རང་སྐྱ་འཕེར་བའི་སྒོ་ནས་ཐང་ག་སོགས་འབྲི་བཞེངས་བྱེད་ཐུབ་པས། ཁོ་ཚོས་ལག་རྩལ་སྦྱངས་ཐུབ་པ་མ་ཟད་ད་དུང་དེ་དང་མཐུན་པའི་ཡོང་སྒོ་ཡང་ངེས་ཅན་ལེན་བཞིན་ཡོད་པ་དང་། སྔར་ཡོང་སྒོ་འཚོལ་ཐབས་མེད་པ་ཞིག་ནས་ད་སྐབས་ཀྱི་ལག་རྩལ་འཛོམས་ཤིང་ཡོང་སྒོ་ཡང་གཏན་འཇགས་ཡིན་པའི་ལག་རྩལ་པར་གྱུར་འདུག པདྨ་རྫོང་རྫ་ཆས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིར་མཚོན་ན། 2014ལོར་བཙུགས་པ་ནས་བཟུང་། རིན་མེད་ངང་ས་གནས་ཀྱི་ན་གཞོན་རྣམས་ལ་ལག་རྩལ་གསོ་སྦྱོང་བྱེད་བཞིན་ཡོད་དེ། ས་གནས་འདིའི་དབུལ་ཕོངས་ཁྱིམ་ཚང་དང་ཡང་ན་ལས་ཤོར་བྱུང་བའི་གནས་ཚུལ་ལ་དམིགས་ནས། ཟླ་རེར་ཁོ་ཚོར་སྒོར1800ཡི་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བཞིན་ཡོད་པས། ཁྱིམ་ཚང་གི་དཔལ་འབྱོར་ཐད་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་བ་མ་ཟད། པདྨ་རྫོང་གི་དཔལ་འབྱོར་གྱི་ཐད་ལའང་ཕྱོགས་ངེས་ཅན་ཞིག་ནས་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན་བཞིན་ཡོད།

པདྨ་རྫོང་རྫ་ཆས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིའི་ལས་འཛིན་པ་ཤེར་དཀར་ཐར་གྱིས་བཤད་རྒྱུར། སྔོན་ཆད་ལ་མཚོན་ན། ས་གནས་འདིར་རྫ་ཆས་ལས་མཁན་ཧ་ཅང་མང་པོ་ཡོད་པ་རེད། འོན་ཀྱང་རྗེས་ནས་རྒན་པ་རྣམས་ཀྱིས་རྫ་ཆས་བཟོ་བའི་ལས་མ་གཉེར་བ་དང་ལོ་ཆུང་དག་ལའང་དེ་སློབ་སྦྱོང་བྱེད་པའི་འདུན་པ་མེད་པ་སོགས་ཀྱི་རྐྱེན་གྱིས་ཧ་ལམ་རྒྱུན་ཆད་སོང་བ་རེད། ང་ལྟ་བུ་ལ་མཚོན་ན། རྫ་ནག་བཟོ་སྐྲུན་ནི་གཅིག་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པས་དེ་ཉིད་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་དགོས་པར་འདོད་ལ།  གཉིས་ནས་ངེས་པར་དུ་ཚོང་ལས་ཅན་གྱི་ཕྱོགས་སུ་འཕེལ་ཏེ་ཡོང་སྒོ་འཚོལ་བའི་ཐབས་ལམ་ཞིག་ཏུ་འགྱུར་དགོས་པར་འདོད། དྲང་མོར་བཤད་ན་ད་ལྟ་ང་ཚོས་ཚོང་རའི་འཛད་སྤྱོད་པའི་དགོས་མཁོ་ལྟར་རྫ་ནག་ཐོན་སྐྱེད་བྱེད་ཐུབ་པའི་ཚད་ལ་སླེབས་ཡོད། དེ་ཡང་རྫ་ནག་འདི་ཐོག་མར་བཟོ་སྐྲུན་བྱས་ནས་ཐོན་སྐྱེད་སྐབས་ང་གཅིག་པུ་ལས་མེད་ལ།  ཕལ་ཆེར་ཉིས་སྟོང་བརྒྱད་ཀྱི་སྐབས་ཡིན་པ་འདྲ། དེ་ནས་ལོ་གཉིས་གསུམ་ལྷག་གི་རྗེས་ནས་མི་བདུན་བརྒྱད་ཙམ་ཡོང་སྟེ་རྫ་ནག་བཟོ་སྐྲུན་བྱེད་པའི་ལས་ཀ་ཇེ་མང་དུ་བཏང་། དེ་ལས་ཁ་ཤས་ཤིག་སྲིད་གཞུང་ངམ་ལས་ཁུངས་གཞན་དག་ལ་རྒྱུགས་སྤྲད་དེ་བུད་སོང་བ་ཡོད་ལ། ལས་ཀ་འདི་གཉེར་མཚམས་བཞག་ནས་བུད་སོང་བའང་ཡོད། ཡང་ལས་བཟོ་བ་ལ་མཚོན་ན་ད་སྐབས་རང་ས་གནས་ཁོ་ནས་མ་གཏོགས་མེད། ས་ཆ་གཞན་ནས་ང་ལ་འབྲེལ་གཏུག་བྱས་ཏེ་རྫ་ནག་བཟོ་སྐྲུན་གྱི་ལས་འདི་སྦྱངས་བར་འདུན་པ་ཆེ་ཟེར་མཁན་མང་མོད། འོན་ཀྱང་ད་སྐབས་འདི་ན་ཡོད་པའི་ལས་བཟོ་འདི་གི་བྱང་ཚད་ཇེ་མཐོར་སོང་ཚེ་ད་གཟོད་ས་ཆ་གཞན་གྱི་མི་ཡོང་ན་སློབ་བདེ་བར་འདོད་ནས་གནས་སྐབས་སུ་རང་དགར་བསྐྱུར་ཡོད། རྒྱུན་པར་ཡོང་སྒོ་འཚོལ་སྟངས་ཆ་ནས་བཤད་ན། རྒྱལ་ཁབ་ཀྱིས་ནམ་རྒྱུན་ང་ཚོ་ལ་མ་དངུལ་གྱི་ཕྱོགས་ནས་ཡིན་ཡང་ཆོག དྲིལ་སྒྲོག་གི་ཕྱོགས་ནས་ཡིན་ཡང་ཆོག རྒྱབ་སྐྱོར་བླ་མེད་གནང་གི་ཡོད་པ་དང་། དེ་བཞིན་དུ་རང་རང་སོ་སོའི་འབད་པ་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་ཐབས་ལམ་འཚོལ་བཞིན་ཡོད་ཟེར་ལ། ད་ལྟ་འདིར་ཡོད་པའི་ལས་བཟོ་དག་གིས་ཆ་སྙོམས་ཀྱིས་ཟླ་རེར་སྒོར་སྟོང་གསུམ་ལྷག་འཚོལ་ཐུབ་པ་དང་། ལོ་རེ་བཞིན་ཧ་ལམ་བརྒྱ་ཆའི་ཉི་ཤུ་ལྷག་འཕར་སྣོན་འབྱུང་བཞིན་ཡོད་པས། ད་དུང་ས་གནས་ཀྱི་མང་ཚོགས་གཞན་མང་པོ་ཟབ་ཞུགས་བྱེད་དུ་བཅུག་ན་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་ངེས་ཡིན་ཟེར།

ཐང་ག་འབྲི་བཞེངས་བྱེད་བཞིན་པ།

ཐང་ག་འབྲི་བཞེངས་བྱེད་བཞིན་པ།

ཐང་ག

ད་སྔ་བླངས་མྱོང་བའི་བྱ་དགའི་རིགས།

རྫ་ཆས་ལས་བཞིན་པ།

རྫ་ཆས་ལས་བཞིན་པ།

རྫ་ཆས་ཀྱི་རིགས།

ཤིང་བརྐོས་བཟོ་ཁང་།

ཤིང་བརྐོས་ཀྱི་རིགས།