པདྨའི་རྡོ་མཁར་མགྲོན་ཁང་གིས་འབྲོག་དམངས་སྐྱིད་ལ་བཀོད།
2019.09.23 ཁུངས། ཀློག་གྲངས། 729

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར།  གསར་འགོད་པ།  ཐུབ་བསྟན།

པདྨ་རྫོང་གི་ཁོངས་སུ་གནའ་བོའི་བོད་ཀྱི་རྡོ་མཁར་མང་པོ་བསྟར་ཕྲེང་བསྒྲིགས་ནས་ཡོད་པ་དང་། དེ་དག་ཀྱང་ས་གནས་མང་ཚོགས་ཀྱི་ཡུན་རིང་གི་འཚོ་བའི་ཉམས་མྱོང་ཁྲོད་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ། ས་གནས་ཀྱི་ཐུན་མོང་མིན་པའི་བཟོ་རྩལ་དང་རིག་གནས་གལ་ཆེན་ཞིག་ཏུ་གྱུར་འདུག ལྷག་པར་ཉེ་བའི་ལོ་འདི་གའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་གང་ལེགས་གནང་བ་དང་ས་གནས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བསྟུན། སྔར་ཡོད་ཀྱི་རྡོ་མཁར་སྟེ་སྡོད་གནས་རྣམས་གསར་སྐྲུན་དང་བཀོད་པ་ཇེ་ལེགས་སུ་གཏོང་བཞིན་ཡོད་ལ། རྡོ་མཁར་གྱི་མཐའ་བསྐོར་དུ་སྡོང་འཛུགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་གཞུང་ལམ་སོགས་རྨང་གཞིའི་ཆ་རྐྱེན་སོགས་འཐུས་ཚང་དུ་བཏང་སྟེ། ཡུལ་སྐོར་བ་མང་པོ་སྣེ་ལེན་བྱེད་བཞིན་ཡོད་ལ། དེ་བཞིན་དུ་རྡོ་མཁར་གྱི་ནང་དུ་མགྲོན་ཁང་དང་ཟ་ཁང་། ངལ་གསོ་ཁང་སོགས་འཛུགས་སྐྲུན་བྱས་ཏེ་ཕྱོགས་ཡོངས་ཀྱི་ཡུལ་སྐོར་རྣམས་ཀྱི་དགོས་མཁོ་ལྟར་ཞབས་ཞུ་གང་ལེགས་བྱེད་ཀྱི་ཡོད་པས། ས་གནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐམས་ལམ་གསར་བ་ཞིག་བསྐྲུན་ཡོད། དེ་ཡང་ཡུལ་སྐོར་བ་རྣམས་ཀྱིས་གཅིག་ནས་ས་འདིའི་རང་བྱུང་གི་མཛེས་ལྗོངས་ཏེ་རྨ་ཁོག་ནགས་ཚལ་ཆེན་མོ་དང་དམར་དམག་རྒྱང་སྐྱོད་མཚོ་སྔོན་ནས་བརྒྱུད་པའི་བརྒྱུད་ལམ་གཅིག་པུ་དམར་དམག་ལུང་པ། དེ་བཞིན་དུ་ལོ་ངོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རྡོ་མཁར་སོགས་ལ་ལྟ་སྐོར་དུ་ཡོང་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་བོད་ཀྱི་མཇལ་བ་མང་པོ་ས་གནས་འདི་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད་སྟབས། དེ་དག་ལ་ཞབས་ཞུ་རང་བཞིན་གྱི་སྣེ་ལེན་གང་ལེགས་བྱེད་ཀྱི་ཡོད་པས། དེ་དང་མཐུན་པའི་ཡོང་སྒོ་འཚོལ་ཐུབ་ཀྱི་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། དྷི་མདའ་ཞང་དུ་བོད་རིགས་མང་ཚོགས་ཀྱིས་གཉེར་བཞིན་པའི་རྡོ་མཁར་མགྲོན་ཁང་ཉི་ཤུ་ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་བདུན་ནི་དབུལ་ཕོངས་ཁྱིམ་ཚང་གིས་གཉེར་གྱི་ཡོད་པ་རེད། འབྲོག་པ་མང་ཚོགས་རང་ཉིད་ཀྱིས་རྡོ་མཁར་མགྲོན་ཁང་གཉེར་གྱིན་ཡོད་པ་ལས་གཞན། ད་དུང་ས་གནས་སྲིད་གཞུང་གིས་ཁོ་ཚོར་སྣེ་ཁྲིད་ནས་མགྲོན་ཁང་དུ་རྩམ་པ་དང་ཐུལ། ཤ་སྐམ། ནས་ཕྱེ་བག་ལེབ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་མགྲོན་པོ་རྣམས་ལ་མཁོ་འདོན་བྱས་ཏེ་ཡོང་སྒོ་འཚོལ་བཞིན་ཡོད།

ལོ་ངོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རྡོ་མཁར།

ཉེ་བའི་ལོ་འདི་གའི་རིང་། དམར་དམག་ལུང་པ་དང་རྨ་ཁོག་ནགས་ཚལ་གཉིས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ཏེ། སྲིད་གཞུང་གིས་རོགས་སྐྱོར་དང་ཕྱིའི་རོགས་འདེགས། འབྲོག་དམངས་རང་གི་ནུས་པར་བརྟེན་པ་བཅས་ཀྱི་རྣམ་པ་བསྐྲུན་ཅིང་། འབྲོག་དམངས་རང་གི་ཁྱིམ་ཚང་དུ་མགྲོན་ཁང་འཛུགས་པ་དང་མཛེས་བཟོ་བྱེད་པར་སྐུལ་མ་བཏང་སྟེ། ཐབས་ལམ་འདིའི་ཐད་ནས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་འབྱུང་བར་བྱས་པས། དེའི་ཕན་འབྲས་མངོན་གསལ་གྱིས་ལེགས་འགྲུབ་བྱུང་ཡོད་པ་དང་། འབྲོག་པ་མང་ཚོགས་ཀྱིས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པའི་རེ་བ་རྙེད་ཟིན། སྡོམ་རྩིས་བྱས་པ་ལྟར་ན། 2018ལོར་ཁོ་ནར་པདྨ་རྫོང་གི་རྡོ་མཁར་མགྲོན་ཁང23གྱིས་སྤྱི་བསྡོམས་པས་ཡུལ་སྐོར་མགྲོན་པོ་སྟོང་ལྷག་སྣེ་ལེན་བྱས་པས། ཡོང་སྒོ་སྒོར་ཁྲི་གཉིས་ལྷག་ལ་སླེབས་པ་དང་། ས་གནས་མང་ཚོགས་ཀྱིས་རང་གི་མངོན་སུམ་མཐོང་ཡུལ་དུ་འཕེལ་རྒྱས་ཀྱི་གོམ་སྟབས་འདི་དག་མངོན་པ་ན། བསམ་བློར་འགྱུར་ལྡོག་བྱུང་སྟེ་རང་ཉིད་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་འདུག དེ་ལས་གཞན་སྲིད་གཞུང་གིས་རྡོ་མཁར་མགྲོན་ཁང་དྲིལ་སྒྲིག་བྱེད་པའི་ནུས་ཤུགས་ཇེ་ཆེར་གཏོང་བ་དང་མཉམ་དུ། ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་ཞབས་ཞུའི་ལས་རིགས་ཀྱི་ཆེད་ལས་ནུས་རྩལ་གསོ་སྦྱོང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འབྲོག་པ་མང་ཚོགས་ཀྱིས་ཡོང་སྒོ་འཚོལ་བའི་ཐད་ལ་རོགས་འདེགས་དང་སྣེ་ཁྲིད་གང་ལེགས་བྱེད་ཀྱི་ཡོད། 

རྡོ་མཁར་མགྲོན་ཁང་གི་ཕྱིའི་བཀོད་པ།

ནང་གི་བཀོད་པ།

ནང་གི་བཀོད་པ།