མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འཕོ་འགྱུར་དང་འཕེལ་རྒྱས།
2019.10.16 ཁུངས། ཀློག་གྲངས། 35


སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་དམིགས་ཡུལ་དང་འཆར་གཞི། རྩ་འཛུགས་ཡོད་པའི་སྒོ་ནས་སློབ་གསོ་མྱོང་མཁན་གྱི་ལུས་སེམས་གཉིས་ལ་ཤུགས་རྐྱེན་དང་སྐུལ་འདེད་གཏོང་བའི་གཞི་རྩའི་ཆ་རྐྱེན་དེ་ཡིན་ལ། མི་རིགས་དང་རྒྱལ་ཁབ་ཀྱི་འཕེལ་འགྲིབ་ཀྱང་མི་རེ་རེའི་རིག་གནས་བྱང་ཚད་དང་བསམ་བློ་ཀུན་སྤྱོད། ཚན་རིག་ལག་རྩལ་སོགས་ལ་རག་ལས་ཀྱིན་ཡོད་པས། ང་ཚོ་བཅར་འདྲི་ཚན་ཆུང་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་ལ་མགོ་ལོག་ཁུལ་གྱི་སློབ་གསོའི་གནས་བབ་ག་འདྲ་ཞིག་ཡིན་པ་དང་། འཕེལ་རྒྱས་དང་འགྱུར་ལྡོག་ཅི་ཞིག་ཡོད་པར་རྒྱུས་ལོན་བྱ་ཆེད་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་སོང་བ་ཡིན།

   མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་སྔོན་མགོ་ལོག་ཁུལ་འཕྲོད་བསྟེན་སློབ་གྲྭ་ཡིན་ལ། 1976ལོར་བཙུགས་པ་དང2002ལོར་ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་མགོ་ལོག་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། མགོ་ལོག་ཁུལ་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་བཅས་མཉམ་བསྲེས་བྱས་པ་དང་མིང་ལ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ཞེས་བཏགས་པ་རེད། སློབ་གྲྭ་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་སློབ་གླིང་ལམ་དུ་ཡོད་ལ། ཁུལ་ཡོངས་ཀྱི་གཞུང་གཉེར་ཕྱོགས་བསྡུས་རང་བཞིན་གྱི་སློབ་གཉེར་སློབ་གསོ་དང་དར་མའི་ཆེད་ཚན་སློབ་གྲྭ། རྒྱང་གཏོང་དངོས་གཞིའི་སློབ་གཉེར་སློབ་གསོ། ངལ་རྩོལ་ལག་རྩལ་སོགས་བྱེད་ནུས་གསོ་སྦྱོང་སོགས་བྱེད་པའི་གཅིག་བསྡུས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཉག་གཅིག་ཡིན།

     མིག་སྔར། སློབ་གྲྭ་འདིར་སློབ་མ1267དང་དགེ་བཟོ་བ་130ཡོད་ལ། གཙོ་བོ་མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་ནད་གཡོག་ཞབས་ཞུ་དང་རླངས་འཁོར་བཀོལ་སྤྱོད་དང་ཞིག་གསོ། སློབ་སྔོན་སློབ་གསོ། ཡུལ་སྐོར་ཞབས་ཞུ་དང་དོ་དམ། རྩིས་གཉེར། བོད་ལུགས་སྨན་བཅོས་དང་བོད་སྨན། དྲུང་ཡིག སྨན་སྣ་སྡེབ་སྦྱོར།  ལུས་རྩལ་སྦྱོང་བརྡར། མཛེས་རྩལ་རི་མོ། གླུ་དབྱངས། མི་རིགས་གླུ་གར་དང་ཞབས་བྲོ། ད་དུང་སྐྲ་བཞར་དང་གཟུགས་བརྙན་བཟོ་བཀོད་སོགས་ཆེད་ལས13ཡོད་པ་རེད། སློབ་གྲྭས་སྤྱི་ཚོགས་ཁྲོམ་རའི་གནས་བབ་དང་ཤེས་ལྡན་མི་སྣའི་དགོས་མཁོ་ལྟར་སློབ་མ་བསྐྱེད་བསྲིང་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ནས། སློབ་གཉེར་བྱེད་ཤེས་པའི་ཞོར་དུ་འཇོན་ནུས་ལེགས་པོ་བསླབ་ནས་སྤྱི་ཚོགས་ཞབས་ཞུའི་ནུས་པ་སྐྱེད་སྲིང་བྱེད་པ་དང་། དོན་དངོས་ཀྱི་ལག་ལེན་ཁྲོད་ནས་རང་གི་རྩལ་ནུས་མངོན་ཐུབ་པའི་ཕྱོགས་ལ་འབད་འབུངས་བྱས་པས། སློབ་གྲྭའི་སློབ་གཉེར་གྱི་ཕན་འབྲས་ཇེ་བཟང་དང་སྤྱི་ཚོགས་སྟེང་སློབ་མ་སྟོང་ཕྲག་འགའ་བསྐྱེད་བསྲིང་བྱས་མཐར་སྤྱི་ཚོགས་སྟེང་ཧ་ཅང་དགའ་བསུ་ཐོབ་ཡོད་ལ། ལས་ཞུགས་ཀྱི་ཚད་ཀྱང85%ཡན་ལ་སླེབས་ཡོད། 2016ལོ་ནས་བཟུང་སློབ་བསྡུ་དང་སློབ་གཉེར་གྱི་གཞི་རྒྱ་ཇེ་ཆེར་སོང་བ་དང་བསྟུན་ནས།  སློབ་གྲྭའི་སློབ་གསོའི་སྤུས་ཚད་དང་སློབ་སྦྱོང་གི་མཁའ་དབུགས་ལ་སོགས་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་རེད།

སློབ་གྲྭའི་དགེ་རྒན་དང་འགོ་ཁྲིད་རྣམ་པས་ཕ་མ་ལྟ་བུའི་ལྷག་བསམ་ཞིག་དང་རང་ལས་གཞན་གཅེས་ཀྱི་སྙིང་སྟོབས་ཤིག་ལ་བརྟེན་ནས་ཐབས་བཀོད་སྣ་ཚོགས་ཀྱིས་བསླབ་ཚན་བཅོས་བསྒྱུར་བྱེད་པའམ་ཤེས་བྱ་གསར་བ་ནང་འདྲེན། ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ། བྱེད་ཐབས་གསར་བ་སོགས་སློབ་སྦྱོང་བྱས་ཏེ། སློབ་མ་གཙོ་བོར་བཟུང་ནས་སློབ་མས་ཤེས་བྱ་སྦྱངས་འདོད་ཡོད་པ་དང་། སྦྱོང་རྒྱུར་དགའ་བ། སྦྱངས་ཤེས་པ་སོགས་དམིགས་ཡུལ་དུ་བྱས་ནས་དགེ་སློབ་ཡོངས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་སེམས་ཀྱི་འདུན་མ་གཅིག་གིས་མ་འོངས་གྲུབ་འབྲས་གསར་བ་ལེན་ཐུབ་པར་ཡིད་ཆེས་ཀྱིས་བརྟས་འདུག 

                                        མ་འོངས་འདུན་མར་བརྩོན་པའི་ཤེས་ལྡན་སློབ་བུ་དག