རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་ཚེས་བཅུ་དགུའི་ཉིན་པེ་ཅིང་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་བའི་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ལ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་མཁྲེགས་གཏོར་ཆེན་མོ་གསུམ་གྱི་ལས་འགན་ལ་དམིགས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ནན་ཏན་གྱིས་འགན་ནུས་སྣ་ཚོགས་ལག་བསྟར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས། ཁྱད་པར་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་ཟབ་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་བཅས་རྩ་འཛུགས་དང་སྐུལ་སློང་བྱས་ནས་ཁག་ཁུར་ཡོད་པར་བྱེད་པ་དང་དོན་དངོས་ལ་རྐང་བཙུགས་ནས་བྱས་རྗེས་འཇོག་ཏུ་བཅུག ཕན་ནུས་ལྡན་པའི་སྒོ་ནས་མི་དམངས་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་ལས་ཁུངས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན་པའི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཟེར།
ཝང་དབྱང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུའི་ལོ་ཡིན་ལ། འཛམ་གླིང་ཡོངས་ཀྱི་རིམས་ནད་ལས་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཀྱི་ཉེན་ཁ་དང་འགྲན་རྩོད་ཇེ་མང་དུ་བཏང་ཡོད། མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་དང་ལས་འགན་དམིགས་སུ་བཟུང་ནས་གནད་ལ་འཁེལ་བའི་བློ་འདོན་ཇུས་འབུལ་བྱས་པ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་པོར་བྱེད་པ། ཐུན་མོང་གི་ལྟ་ཚུལ་རྒྱ་ཆེར་གཅིག་སྡུད་བྱེད་པ་སོགས་ཀྱི་ཐད་བྱ་བ་བསྒྲུབས། བྱ་བའི་བྱེད་ཐབས་གསར་གཏོད་དང་བྱ་བའི་སྤུས་ཚད་ཇེ་མཐོར་བཏང་ནས་ཕན་འབྲས་བརྩོན་ལེན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པར་གྲོས་མོལ་གྱི་འདྲི་གཞི་ཚད་ལྡན་ཞིག་སྤྲོད་དགོས། ཤུགས་ཆེན་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། ནན་ཏན་གྱིས་རིམས་ནད་འགོག་སྲུང་གི་རེ་བ་སྣ་ཚོགས་དངོས་འབེབ་བྱེད་པ། ཚོགས་སྲོལ་སྒྲིག་ལམ་ནན་སྲུང་བྱས་ཏེ། ཚོགས་ཆེན་དེ་བློ་སྤོབས་རྒྱས་པ་དང་དྲང་ཕྱོགས་ནུས་ཚད་བརྒྱུད་སྒྲོག་བྱེད་པའི་གྲོས་ཚོགས་ཤིག་ཏུ་འགྱུར་བར་བྱེད་པ་དང་། མཐུན་སྒྲིལ་གྱིས་དཀའ་ཁག་ཡོད་ཚད་ཁྱད་དུ་སེལ་བ་དང་འོད་སྟོང་གི་གྲུབ་འབྲས་བརྩོན་ལེན་བྱེད་པའི་འདྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་ཟེར།
མཇུག་སྒྲིལ་ཚོགས་འདུ་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་འདོན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། འབྲེལ་ཡོད་འཆར་ཟིན་དང་སྙན་ཞུ་དེ་ལས་རིམ་ལྟར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།
གྲོས་ཚོགས་ནས་བརྡས་ཐག་བཅད་པ་བརྒྱུད། ཞཱ་པའོ་ལུང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་ལས་འགན་ཞོར་དུ་མི་ཁུར་བར་ཡིད་འཐད་བྱུང་བའི་ཆོད་དོན་དང་། ཅིན་ཞོས་ཧྥུན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོ་འཇོག་བྱེད་པ། ཏུན་ཙུང་ལིང་དང་ཧྲུའུ་ཆི་མེན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་མི་ཁུར་བ། ཁྱིག་ཞོས་ཆང་དང་ཧྥུའུ་ཀྲིན་ཧྭ་གཉིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དུ་ཁ་སྣོན་བྱེད་པ། ཁྱིག་ཞོས་ཆང་དང་ཧྥུའུ་ཀྲིན་ཧྭ་གཉིས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་ཁ་སྣོན་བྱེད་པ། ཏུན་ཙུང་ལིང་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་འཇོག་བྱེད་པ་བཅས་ལ་གྲོས་འཆམ་བྱུང་། ཞང་ཁའེ་ཅིན་དངད་ཙང་ཧོང་གཉིས་ཀྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་བསྐྱུར་བའི་ཆོད་དོན་དང་ལེན་བྱེད་པ་དང་ཧྲིན་ཀྲུང་དབྱང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་གྱི་ལས་འགན་ལེན་པ་དང་དེའི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བའི་ཆོད་དོན་ལ་གྲོས་འཆམ་བྱུང་།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།