ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཐོག་ནས་ཝང་ཅན་ཅུན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོར་བདམས་པ་དང་། ལིའུ་ཉིང་དང་ཀྲང་ཀོང་རུང་ཚོགས་གཙོ་གཞོན་པར་བདམས།
ཚོགས་ཐོག་ནས་རང་རེའི་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས《སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན)》དང་། 《སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་(འཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཏེ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུའི་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་ནས་མོས་མཐུན་བྱུང་།
ཝང་ཅན་ཅུན་གྱིས་བསྟན་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། རིམས་ནད་འགོག་སྡོམ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པའི་དམིགས་བསལ་གྱི་དུས་སྐབས་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས“འདུ་ཤེས་བཞི”སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱེད་དགོས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་བཅངས་ནས། ཚོགས་འདུ་ཡག་པོ་འཚོགས་པ་དང་ལས་འགན་ཡག་པོ་འཁུར་བ། འགན་འཁྲི་ཡག་པོ་བསྒྲུབ་པ་བཅས་བྱེད་དགོས། བསམ་བློའི་ཐོག་ཚད་མཐོའི་མཐོང་ཆེན་དང་གྲ་སྒྲིག་ཐོག་ནན་ཏན་གང་ལེགས་བྱེད་པ། སྒྲིག་ཁྲིམས་ཐོག་བླང་བྱ་ནན་མོ་འདོན་པ། བདེ་འཇགས་ཐད་ནོར་འཆུག་གཏན་ནས་མེད་པ། སྔར་བཞིན་སྤྱོད་ཚུལ་བཟང་པོ་འཛུགས་པ་དང་དར་སྤེལ་གཏོང་བ། རང་རེའི་ཞིང་ཆེན་གྱི་འཐུས་མིའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་བཅས་ལ་ཤའབད་དེ། ཚོགས་འདུའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
ཉིན་དེའི་སྔ་དྲོ་རང་རེའི་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་འཐུས་མིས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་འབུལ་རྒྱུའི་གྲོས་གཞི་ལ་གྲོས་བསྡུར་དང་ཞིབ་འཇུག་གང་ལེགས་བྱས།
ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིན་གོ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་ཚོགས་འདུར་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།