ཝང་ཧུའུ་ཉིང་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དམ་པོར་སྦྲེལ་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས། ཧི་པེ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཞུང་ཨན་ས་ཁུལ་གསར་བའི་འཛུགས་སྐྲུན། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཅས་དོན་ཆེན་གསུམ་བཟང་བོར་བསྒྲུབ་ནས། རིམས་འགོག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་རྒྱལ་ཁ་གསར་བ་ལེན་དགོས་ཟེར།