ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་སི་ཁྲོན་འཐུས་ཚབ་ཚོགས་པར་ཡོང་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད།
འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ཝང་དབྱང་གིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དེས་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་དགོངས་པ་བརྒྱུས་ཡོད་པ་དང་། ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་བྱེད་པ་དང་བྱ་བའི་ཐད་ཀྱི་སྤྱིའི་རེ་བ་མངོན་པར་མཚོན་ཡོད་ལ། སྤྱིའི་གྲུབ་འབྲས་དེ་དོན་དངོས་དང་འཚམ་ཞིང་མི་སེམས་འགུལ་བ་ཞིག་རེད། ད་ལོའི་བྱ་བར་བཀོད་སྒྲིག་བྱས་པར་གཙོ་གནད་འབུར་དུ་ཐོན་པ་དང་བྱེད་ཐབས་ནུས་ལྡན་ཡིན། དངོས་གཉེར་ཡར་སྐུལ་དང་མི་སེམས་གཅིག་འདྲིལ་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས་བདག་གིས་མཐའ་གཅིག་ཏུ་ཁས་ལེན་བྱེད་བཞིན་ཡོད་ཟེར།
ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་ངོ་གཅིག་ལྷག་གི་རིང་ལ། རྒྱལ་ཁང་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་གྱིས་ཇེ་མང་དུ་སོང་བའི་རྙོག་འཛིང་གི་གནས་བབ་མདུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ཁག་ཁྱད་བསལ་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ཡོད་ཟེར། གློ་བུར་དུ་བྱུང་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམ་དང་བཀོད་སྒྲིག་མཛད་པ་དང་། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་སོ་སོས་བཀའ་གསུང་དང་ལེན་བྱས་ཤིང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། གཞོམ་ཞིག་བྲལ་བའི་ཀྲུང་གོའི་སྟོབས་ཤུགས་དང་གློག་ལྟར་མྱུར་བའི་ཀྲུང་གོའི་བྱེད་ནུས། དམངས་སེམས་གཅིག་མཐུན་གྱི་ཀྲུང་གོའི་སྙིང་སྟོབས་བཅས་མཚོན་པར་བྱས་ཡོད་ཟེར།
ཝང་དབྱང་གིས་ཉིས་སྟོང་བཅུ་དགུའི་ལོར་སི་ཁྲོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་འཕེལ་རྒྱས་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བས། སི་ཁྲོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་དངོས་འབེབ་བྱས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་དུ་སྦྲེལ་ནས། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་གང་ལེགས་བྱས་ནས། སི་ཁྲོན་གྱི་བཅོས་སྐྱོང་དང་དར་རྒྱས་བྱ་བ་དེ་འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།