སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ས་ཁུལ་ལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བྱེད་ནུས་ས་ཁུལ་ནི་རང་རྒྱལ་གྱི“ཡོལ་བ་གཅིག་དང་རྒྱུད་གཉིས”ཀྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེར་དམིགས་བསལ་ཁྱད་ཆོས་ལྡན་ལ་ཚབ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་ཀྱི་གནས་བབ་ལྡན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་ཁབ་ཀྱིས་རྒྱུན་མཐུད་ངང་མ་དངུལ་གཏོང་བ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ས་ཁུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་བྱུང་ནས། ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་མ་ལག་གི་སྤྱི་ཁོག་གྲུབ་ཆར་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད། སྤྱི་ཡོངས་ཀྱི་སྐྱེ་ཁམས་ནུས་པ་སླར་གསོ་བྱུང་བ་དང་། སྣེ་ཁྲིད་དང་སྐུལ་ཁྲིད་བྱས་པ་བརྒྱུད་ལས་གཞི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཉིན་བཞིན་ཆེ་རུ་ཕྱིན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་གྲང་ངར་ཆེ་བའི་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པར་རྙོག་འཛིང་རང་བཞིན་དང་ཡུན་རིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལྡན། དེ་ནི་དུས་ཡུན་ཐུང་ཐུང་ཞིག་མིན་པར་ལོ་བཅུ་ཕྲག་ཁ་ཤས་དང་ཐ་ན་ལོ་བརྒྱ་ཕྲག་རིང་མུ་མཐུད་འབད་བརྩོན་བྱེད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ། ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་གི་གནས་སྟངས་ལ་འཕྲད་ཡོད་ཟེར།
མཚོ་སྔོན་འཐུས་ཚབ་ཚོགས་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་ཐེངས་གསུམ་པ་དང་མདོ་ལ་རི་བོའི་བཟོ་སྐྲུན་ཐེངས་གཉིས་པ་རྒྱལ་ཁབ་ཀྱི་འཆར་འགོད་ནང་འཇུག་པ་དང་། སྣ་མང་ཅན་གྱི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་དགོས། ད་ཡོད་ཀྱི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།