རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པད་རྒྱལ་བཀྲ་ཤིས་ལགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་བཟུང་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་བརྟན་པོ་གཏོང་དགོས་ཟེར།
2020.05.26 ཁུངས། མི་དམངས་དྲ་བ། ཀློག་གྲངས། 69

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་དབུས་དང“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟེ་བའི་ས་རྒྱུད་དུ་གནས་ཡོད་པས། མགོ་ལོག་ཁུལ་ལ་མཚོན་ན། ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པ་དང་། ཆེས་ལྗིད་པའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་བྱས་རྗེས་ཀྱང་སྐྱེ་ཁམས་ཡིན་ངེས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ། མི་དམངས་དྲ་བས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་པད་རྒྱལ་བཀྲ་ཤིས་མཆོག་ལ་ཆེད་དོན་བཅར་འདྲི་བྱས་ཏེ།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྐྱེ་ཁམས་སྲུང་སྐྱོབ། དབུལ་སྐྱོར་མཁྲེགས་གཏོར། ཚོགས་འདུ་གཉིས་ཀྱི་གྲོས་གཞི་སོགས་དྲ་གྲོགས་ཚོས་དོ་ཁུར་བྱེད་པའི་གླེང་གཞི་ལ་དྲིས་ལན་བཏབས།

གསར་འགོད་པ། ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་གོང་སྤེལ་གྱི་སྔོན་འགྲོའི་འོག་ཏུ། འཕེལ་རྒྱས་ཀྱི་གྲུབ་འབྲས་གང་དག་བླངས་ཡོད?

པད་རྒྱལ་བཀྲ་ཤིས་ན་རེ། ཉེ་བའི་ལོ་འགའི་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མགོ་ལོག་ཁུལ་བཅོས་སྒྱུར་དང་གོང་འཕེལ་གྱི་ལོ་རྒྱུས་ཀྱི་དུས་སྐབས་བཟང་པོའི་ནང་ཚུད་པ་དང་། ང་ཚོའི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་བྱུང་སྟེ། གུང་ཧོ་ནས་ཡུས་ཧྲུའུ་དང་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། རྟ་བོར་ནས་པད་མ་བར་གྱི་གཞུང་ལམ་བཅས་སྔ་གཞུག་ཏུ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་པར་གྱུར་ཏེ“གཞུང་གཉིས་འཕྲེད་གསུམ”གྱི་འགྲིམ་འགྲུལ་གཞུང་ལམ་གཙོ་བོའི་དྲ་རྒྱ་ཉིན་བཞིན་འཐུས་ཚང་དུ་གྱུར་ནས་མགོ་ལོག་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད། ཁུལ་ནང་ཁུལ་ནས་ཀན་སུའུ་རྨ་ཆུ་རྫོང་དང་སི་ཁྲོན་རྔ་བ་རྫོང་། གསེར་རྟ་རྫོང་། སེར་ཤུལ་རྫོང་སོགས་འབྲེལ་མཚམས་ས་ཁུལ་ལྔའི་ཕན་ཚུན་སྦྲེལ་མཐུད་ཀྱི་གཞུང་ལམ་གཚོ་བོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་། རྨ་ཆེན་གནམ་གྲུ་ཐང་དུས་ལྟར་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་གནམ་གྲུ་ཤར་གཏོང་བྱེད་ཐུབ་པར་གྱུར་བ་དེ་ཡིས་མགོ་ལོག་མཁའ་བསྐྱོད་སྐྱེལ་འདྲེན་གྱི་དུས་རབས་གསར་བ་ཞིག་གི་སྒོ་འཕར་ཡངས་མོར་ཕྱེས་ཏེ། ཁུལ་དེར་མཁའ་བསྐྱོད་ལས་རིགས་མེད་པའི་སྟོང་ཆ་ཁ་སྐོང་བྱས། མིག་སྔར་ཟི་ལིང་ནས་མགོ་ལོག་བར་དང་། ཟི་ལིང་ནས་མགོ་ལོག་བར་དང་། དེ་ནས་ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་བྱས་ཟིན་པ་དང་། རིན་གོང་སླ་བའི་གནམ་གྲུའི་པ་སེ་ཡིས་རོང་འབྲོག་མང་ཚོགས་ལ་མཁའ་བསྐྱོད་ལས་རིགས་གོང་འཕེལ་གྱི་ཁེ་ཕན་དང་སྟབས་བདེ་དངོས་སུ་རོལ་མྱོང་བྱེད་ཐུབ་པར་གྱུར། དེའི་མཚུངས་སུ། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལའང་གྲུབ་འབྲས་མི་དམན་པ་བླངས་ཏེ། ཁྱད་ལྡན་ཐོན་ལས་ཀྱི་ལས་གཞི་སྐོར་ཞིག་བདེ་བླག་ཡོང་བར་སྐུལ་འདེད་བཏང་། ཁེ་ལས་ཀྱི་ལོ་རེའི་ཐོན་རིན་སྒོར་དུང་ཕྱུར་ལས་བརྒལ་བ་དང་། རིག་གནས་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མགོ་ལོག་གི་མིང་གྲགས་ཐོན་རྫས་སྔར་ལས་ཇེ་རྒྱས་སུ་ཕྱིན། དེ་ལས་གཞན། མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྡོད་ཁང་འགན་སྲུང་། གློག་བཀོལ་འགན་སྲུང་། སློབ་གསོའི་ལས་དོན་བཅས་ཐད་ལའང་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

མགོ་ལོག་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་ཞིག་སྤོས།

ལོ་དུ་མའི་རིང་ལ། མགོ་ལོག་ཁུལ་གྱིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་ལྟར། སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱེད་པ་དེ་ནང་དོན་གཙོ་བོར་ཡིན་པའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ནས། གོ་རིམ་ལྡན་པའི་ངང་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་།

སྐྱེ་ཁམས་སྲུང་སྐྱོབ་ལ་བྱེད་ཐབས་རབ་དང་རིམ་པར་བྱས་པ་བརྒྱུད་ནས་མགོ་ལོག་གི་མངའ་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་། རྩྭ་སའི་སྐྱེ་ཁམས་ནུས་ལྡན་གྱིས་སླར་གསོ་བྱུང་ནས་བྱེ་ཐང་ཅན་དུ་འགྱུར་བའི་ས་གཞིའི་རྒྱ་ཁྱོན་ཇེ་ཉུང་དུ་སོང་། ནགས་ཚལ་སླར་གསོ་གསོན་ཤུགས་རབ་ཏུ་རྒྱས་ཏེ་རྨ་ཆུའི་མགོ་ཁུངས་སུ་འོད་སྟོང་རྣམ་པར་བཀྲ་བའི་མཚེའུ་སྟོང་ཕྲག་དུ་མའི་རང་མདངས་ཡང་བསྐྱར་མངོན་ཐུབ་པར་བྱུང་ལ། རི་དྭགས་རྐྱང་དང་སྤྱང་ཀི ཝ་མོ་སོགས་རིགས་སྣ་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་མང་པོ་བག་ཡངས་སུ་རྒྱུ་བའི་སྣང་ཚུལ་གང་སར་མཐོང་ཐུབ་པར་མ་ཟད། པད་མ་རྫོང་གི་མངའ་ཁོངས་སུ་རི་དྭགས་རྩ་ཆེན་གསའ་རིགས་ཐེངས་མང་པོར་མངོན་ཐུབ་པའི་གནས་ཚུལ་ཡང་བྱུང་མྱོང་བ་རེད། དེ་དང་མཉམ་དུ་ང་ཚོས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སོལ་ཚོད་ལྟའི་བྱ་བ་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། བྱེད་པོའི་གཙོ་ནུས་ཐོན་ཁུལ་གྱི་ཚད་བཀག་འཆར་འགོད་གཏན་ཕབ་དང་ལག་ལེན་དུ་བསྟར་ནས། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་ལམ་ལུགས་འཛུགས་པར་འཚོལ་སྙེགས་བྱེད་པ་དང་། སྐྱེ་ཁམས་ཁ་གསབ་མ་དངུལ་དང་སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཕན་ལས་གནས་ཀྱི་བྱས་འབྲས་དོ་དམ་ལམ་སྲོལ་ལ་སྐུལ་འདེད་བཏང་ནས། ནན་ཏན་སྒོས་སྐྱེ་ཁམས་སྲུང་སྐྱོབ་བྱས་འབྲས་དཔྱད་ཞིབ་གདེང་ཚོད་དང་འགན་འཁྲི་རྩད་གཅོད་ལམ་ལུགས་དངོས་འབེབས་བྱས་པར་བརྟེན། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་ཐོད་བརྒལ་བྱུང་སྟེ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།

དེ་ལས་གཞན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་ཁེ་རིམ་བཞིན་ཇེ་གློད་དུ་བཏང་བ་དང་། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་སྐྱེ་ཁམས་ཁ་གསབ་དང་བྱ་དགའི་སྲིད་ཇུས་དངོས་འབེབས། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་བསྒྱུར་བར་སྐུལ་འདེད་བྱེད་པའམ་སྐྱེ་ཁམས་སྤྱི་ཕན་ལས་གནས་ཇེ་མང་དུ་བཏང་བར་བརྟེན། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཕན་ནུས་ལྡན་པའི་ངང་ལེགས་བཅོས་བྱུང་བར་མ་ཟད། འབྲོག་པ་ལས་ཞུགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དུ་བཏང་ནས། རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་བཅོ་ལྔའི་ཡས་མུས་སུ་འཕར་སྣོན་བྱུང་ཡོད།

གསར་འགོད་པ། 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྟེང་དུ། ཁྱེད་ཀྱིས་འཐུས་མིའི་བགྲོད་ལམ་དུ་གསར་འགོད་པས་དྲི་བར་ལན་འདེབས་སྐབས་བསྟན་དོན། “སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་རེ་རེའི་ཟུང་ཁྲག་དང་རུས་རྐང་དུ་འཐིམས་པར་བྱས་ཏེ། མི་རེ་རེར་རང་རྟོགས་ཀྱི་བྱ་སྤྱོད་དང་སྤྱོད་ལམ་གོམས་གཤིས་ལྡན་པར་བྱ་རྒྱུ”མགོ་ལོག་པ་ཡིས་ཉམས་ལེན་ཅི་འདྲ་བྱེད་བཞིན་ཡོད?

པད་རྒྱལ་བཀྲ་ཤིས་ན་རེ། ང་ཚོས་གཙོ་བོར་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་ལྗང་མདོག་གི་རིན་ཐང་ལྟ་བའི་སློབ་གསོ་གཏོང་བ་དང་། དེ་བཞིན་རིམ་པ་མང་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲི་ལམ་ལུགས་ལག་ལེན་བྱེད་པ་བརྒྱུད་ནས། རྒྱུན་ཆད་མེད་པར་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ལ་བཟུང་བའི་ངོས་ཟིན་མཐོར་འདེགས་བཏང་སྟེ། ཁོ་ཚོའི་སྙིང་ཁོང་རུས་པའི་སྟེང་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་རང་དོན་ཞིག་དང་ཡང་ན་མི་རེ་རེའི་ལས་དོན་ཞིག་ཡིན་པར་ངེས་སུ་བཅུག་ཡོད། མིག་སྔར། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་སྔར་མེད་ཀྱིས་མཐོར་འདེགས་བྱུང་སྟེ། མི་རེ་རེས་སྐྱེ་ཁམས་ལ་དོ་ཁུར་བྱེད་པ་དང་སྐྱེ་ཁམས་ལ་རང་ནུས་འབུལ་བ། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་གོང་སྤེལ་ཏུ་གཏོང་བ་བཅས་ཀྱི་མཁའ་དབུགས་བཟང་པོ་ཞིག་ཆགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་སོང་ཡོད།

དཔེར་བཞག་ནས་བཤད་ན། རྩྭ་སའི་ས་ནག་ཐང་བཅོས་སྐྱོང་བྱེད་པའི་ཁྲོད་དུ། སྔོན་ཆད་རོང་འབྲོག་མང་ཚོགས་མང་ཆེ་ཤས་ལ་སྣང་མེད་ཀྱི་རྣམ་འགྱུར་ཡོད་མོད། འོན་ཀྱང་ད་སྐབས་ས་ནག་ཐང་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱེད་པར་བརྩོན་ལེན་བྱེད་པའི་འབོད་སྐད་སྔར་ལས་ཆེ་བ་དང་། ལས་བྱེད་པ་གཞི་རིམ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། མང་ཚོགས་ཀྱིས་རེ་འདོད་ཆེས་ཆེ་བ་ནི་ས་ནག་ཐང་བཅོས་སྐྱོང་ལག་བསྟར་བྱ་རྒྱུ་དེ་ཡིན་ལ། རྩྭ་ཐང་དུ་ཨ་བྲ་མེད་པར་གཏོང་བའི་སྐབས་སུ། སྔོན་ཆད་སྲོལ་རྒྱུན་འདུ་ཤེས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་འབྲོག་པ་རང་སྟེང་ནས་ཨ་བྲ་གསོད་པའི་ཁྲོད་ཞུགས་མི་འདོད་ལ། ད་སྐབས་རྩྭ་ཐང་དུ་ཨ་བྲ་མེད་པར་བཟོ་བའི་ལས་གཞི་བཀོད་སྒྲིག་བྱས་མ་ཐག་སྡེ་བ་ཡོངས་ཧ་ཅང་རང་འགུལ་གྱིས་སྒོ་ནས་ཨ་བྲ་མེད་པར་བཟོ་བའི་ངལ་རྩོལ་ནང་ཞུགས་ངེས་ཡིན། སྔོན་ཆད་རོང་འབྲོག་ས་ཁུལ་གྱི་སྡེ་བའི་ཉེ་འདབས་དང་ཆུ་བོའི་འགྲམ་རྒྱུད་དུ་གད་སྙིགས་སྤངས་ཏེ་ཅི་འདྲའི་འབགས་བཙོགས་ཡིན་རུང་། མང་ཚོགས་ཀྱིས་དེར་དོ་སྣང་བྱེད་མི་སྲིད། དེང་སྐབས་གཞི་རིམ་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་ངང་ངལ་རྩོལ་པ་རྩ་འཛུགས་བྱས་ཏེ། སྡེ་བའི་ཉེ་འདབས་དང་ཆུ་བོའི་འགྲམ་རྒྱུད་ཀྱི་གད་སྙིགས་རྒྱུན་པར་གཙང་དག་བྱེད་པ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།

ད་ལྟ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འཚོ་བ་རོལ་བའི་འབྲོག་པ་མང་ཚོགས་སྔོན་ཆད་ཀྱི་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་པར་གྱུར་ཡོད་ཅིང་།  ཁོ་ཚོས“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བདག་སྐྱོང་མཁན”ཞེས་པའི་དཔུང་རྟགས་བཏགས་ཡོད།  གཙང་གསུམ་འབྱུང་ཡུལ་གྱི་རི་ཆུ་དང་།  རྩྭ་རྩི་ཤིང་།  དཀོན་ཞིང་རྩ་ཆེ་བའི་རིགས་དངོས་བཅས་ལ་ཧུར་ཐག་གིས་སྲུང་སྐྱོབ་བྱས་ཏེ།  མི་དང་རང་བྱུང་ཁམས་བར་འཆམ་མཐུན་འཕེལ་རྒྱས་འབྱུང་བར་མགོ་ལོག་ཏུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད།

གསར་འགོད་པ། 2020ལོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་མཇུག་བསྡུ་བའི་ལོ་ཡིན་པས།  མགོ་ལོག་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ཉམས་མྱོང་བཟང་པོ་གང་དག་བསགས་ཡོད་པ་དང་གྲུབ་འབྲས་གང་དག་བླངས་ཡོད་དམ?

པད་རྒྱལ་བཀྲ་ཤིས་ན་རེ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་བཀོད་སྒྲིག་བྱས་པ་ནས་བཟུང་།  ང་ཚོས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་བླང་བྱར་དམ་དུ་བཟུང་སྟེ་ཡུལ་བབ་དང་བསྟུན་ནས《མགོ་ལོག་ཁུལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ལོ་གསུམ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཇུས་གཞི》སོགས་སྲིད་ཇུས་བྱེད་ཐབས་བཏོན་ཏེ། ཏང་སྲིད་ཀྱི་འགན་འཁུར་པ་གཙོ་བོ“ཚན་གཙོ་གཉིས”སུ་བྱེད་པའི་དབུལ་ཐར་མཁྲེགས་གཏོར་གྱི་རྩ་འཛུགས་འགོ་ཁྲིད་མ་ལག་དང་འགན་འཁྲིའི་མ་ལག་རིམ་པ་རེ་རེ་བཞིན་བཙུགས་ནས།  དབུལ་ཐར་བྱ་ཐབས་ཁག་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བསྣན་ཡོད།

ལོ་ལྔའི་རིང་ལ། མགོ་ལོག་ཁུལ་གྱིས་རིམ་བརྩིས་བྱས་ན་སྒོར་དུང་ཕྱུར100.2བཏང་ནས།  ནུས་ཤུགས་ཆེན་པོས་ཡུལ་གཞན་དུ་གནས་སྤོར་བ་དང་།  ཐོན་ལས་དབུལ་སྐྱོར།  སྐྱེ་ཁམས་དབུལ་སྐྱོར།  ལས་རིགས་དབུལ་སྐྱོར།  སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་བྱ་བ་ལག་བསྟར་བྱས།  གནད་འཁེལ་དབུལ་ཐར་གྱི་བྱེད་ཐབས་རབ་རིམ་པ་ཕན་འབྲས་ལྡན་པའི་ངང་ལག་བསྟར་བྱས་པ་བརྒྱུད་ནས།  ཁུལ་ཡོངས་སུ་རིམ་བརྩིས་བྱས་ན་དབུལ་པོའི་མི་འབོར་ཁྲི4.8བརྟན་འཇགས་ངང་དབུལ་ཐར་བྱས་པ་དང་།  གྲོང་ཚོ་དབུལ་པོ74དབུལ་པོའི་གནས་ལས་ཐར་བ།  དབུལ་པོའི་རྫོང6ཁྱོན་ཡོངས་ནས་དབུལ་ཐར་བྱེད་ཐུབ་པ་བྱུང་སྟེ་དབུལ་ཞྭ་ཕུད་པས་ཕྱིར་དབུལ་པོར་འགྱུར་ཚད31%ནས0བར་མར་ཆག་ཡོད། དབུལ་པོ་དབུལ་ནག་གི་མི་འབོར་ཚང་མ“དབུལ་ཐར”ཐུབ་པ་བྱུང་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱས་ཡོད་པས།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།

བྱེ་བྲག་གི་གྲུབ་འབྲས་དང་ཉམས་མྱོང་གཤམ་གསལ་ལྟར།

གཅིག སྐྱེ་ཁམས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་དབུལ་སྐྱོར་མ་དཔེ་གསར་སྐྲུན་བྱས་ཏེ། “སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ+”མ་དཔེ་ཡིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་དགོས”ཞེས་པའི་བླང་བྱ་གལ་ཆེན་ལག་་བསྟར་བྱེད་པ་དེ་དབུལ་ཐར་མཁྲེགས་གཏོར་གྱི་བརྒྱུད་རིམ་ཡོད་ཚད་ནང་ཁྱབ་པར་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ཚད་མར་བཟུང་སྟེ། སྐྱེ་ཁམས་བྱ་དགའི་ཁ་གསབ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ། སྐྱེ་ཁམས་བཅོས་སྐྱོང་སླར་གསོ་བྱེད་པའི་ལས་ཞིའི་བཟོ་སྐྲུན་གྱི་སྲིད་ཇུས་ཕན་ཁེ་མི་ལྷོད་པ་བཅས་དང་དམ་པོར་སྦྲེལ་ནས། ཤུགས་ཆེན་པོས་དབུལ་ཕོངས་མང་ཚོགས་ལས་རྐང་བསྒྱུར་ནས་ལས་ཞུགས་བྱེད་ཐུབ་པ་དང་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་དེ་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བའི་ཕན་ནུས་ཀྱིས་ཐབས་ལམ་ཞིག་ཏུ་འགྱུར་དགོས།

གཉིས། སྐྱེ་ཁམས་ཀྱི་དགེ་མཚན་སྔོགས་འདོན་དང་ཁྱད་ལྡན་ཐོན་ལས་གོང་སྤེལ་དུ་བཏང་སྟེ། དབུལ་སྐྱོར་ཁྲག་བཟོས་བྱེད་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་གཏང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དབུལ་སྐྱོར་དེ་དབུལ་ཕོངས་ས་ཁུལ་གྱི་ཁྲག་བཟོས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་དབུལ་ཕོངས་མང་ཚོགས་རང་སར་ལས་ཞུགས་བྱས་ཏེ་ལས་སྐྲུན་བྱེད་པར་རོགས་རམ་བྱ་རྒྱུ་དེ་རྒྱང་རིང་གི་ཐབས་ཇུས་ཤིག་ཏུ་བརྩིས་ནས། རིམ་བརྩིས་བྱས་ན་དབུལ་ཕོངས་མི་གྲངས་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར3.8﹙མི་རེར་ཆ་སྙོམས་བྱས་ན་སྒོར10000ལྷག་ལ་སླེབས﹚བཏང་སྟེ། ཧུར་ཐག་སྒོས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་ཁྱད་ལྡན་ཐོན་ཁུངས་གསར་སྤེལ། མི་རིགས་ལག་ཤེས་བཟོ་ལས། ཚོང་དོན་ཞག་སྡོད་ཞབས་ཞུ། གློག་འགྱེད་དབུལ་སྐྱོར། ཡུལ་སྐོར་སོགས་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་བཏང་ནས། དབུལ་ཕོངས་མི་གྲངས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས། ཉེ་བའི་ལོ་འགའི་རིང་ལ། དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་དང་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་གིས་སྐུལ་ཁྲིད་འོག་ཏུ། དབུལ་ཕོངས་མང་ཚོགས་ཀྱི“སྒོར་ཁུག”རྒྱུན་མཐུད་ངང་ཇེ་མཐུག་ཏུ་ཕྱིན་ཏེ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་ལོ་རེར11%འཕར་བ་དང་། དེའི་ནང་དུ་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱི19%འཕར།

གསུམ། “དུམ་ཚན་ལྔར”དམ་པོར་དམིགས་པ་དང་། ཞབས་ཞུའི་འགན་སྲུང་ལེགས་བཅོས་བྱས་ཏེ། ས་གནས་གཞན་དུ་སྤོར་བར་གྲུབ་འབྲས་མངོན་གསལ་བླངས།

ང་ཚོས་ས་གནས་གཞན་དུ་གནས་སྤོར་བ་དེ་དབུལ་ཐར་མཁྲེགས་གཏོར་བྱེད་པའི་་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། “མཐིལ་རྟོགས་གསལ་བོར་བྱེད་པ་དང་ཚན་རིག་ལྟར་གནས་འདེམས་པ། བྱ་བ་ཞིབ་ཕྲར་གཏོང་བ། ལས་ཞུགས་དངོས་འབེབས་བྱེད་པ། ཞབས་ཞུ་ལེགས་པོར་བསྒྲུབ་པ”བཅས་ཀྱི་དུམ་ཚན་ལྔ་ལ་དམ་པོར་དམིགས་ཏེ། སྤུས་ཀ་མཐོ་བ་དང་ཚད་གཞི་མཐོ་བའི་ས་གནས་གཞན་དུ་གནས་སྤར་བའི་སྡོད་ཁུལ་རྩེ་གྲས་སྐོར་ཞིག﹙གཅིག་བསྡུས་བཀོད་སྒྲིག་གནས﹚གསར་སྐྲུན་བྱས་ནས། དབུལ་ཕོངས་མང་ཚོགས་དག་བདེ་འཇགས་བག་ཕབས་ཀྱི་ས་གནས་གཞན་དུ་གནས་སྤར་བའི་སྡོད་ཁང་དུ་འདུག་ཐུབ་པར་བྱུང་ལ། དེའི་ཐད་ལ་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར20.36ཧྲིལ་བསྡུས་བྱས་ཏེ། སྡོད་ཁུལ་གྱི་ཆུ་གློག་ལམ་གསུམ་དང་དྲ་རྒྱ། དེ་མིན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་ནས། སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་། དེའི་མཚུངས་སུ། ཧུར་ཐག་སྒོས་ལས་ཞུགས་ལས་སྐྲུན་གྱི་སྟེགས་བུ་བཙུགས་པ་དང་། ཚན་རིག་ལྟར་དབུལ་སྐྱོར་ཐོན་ལས་རྣམ་གྲངས་གདམས་གསེས་བྱས་ཏེ། གནས་སྤར་མང་ཚོགས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་ནས། “ས་ཕྱོགས་གཅིག་གིས་ས་ཕྱོགས་དེའི་མི་གསོ་མི་ཐུབ”པའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས“གནས་སྤར་ཐུབ་པ”དང“བརྟན་བརླིང་ངང་འདུག་ཐུབ་པ”། “ཕྱུག་པོར་འགྱུར་ཐུབ་པ”བཅས་ལ་ཁག་ཐེག་བྱས།

བཞི། དཔེ་སྟོན་གསར་འཛུགས་ལ་སྣེ་ཁྲིད་བྱས་ཏེ། བསམ་བློའི་དབུལ་ཐར་གཙོ་བོར་བཟུང་ནས། དབུལ་སྐྱོར་གྱི་ནང་སྐྱེས་སྒུལ་ཤུགས་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས། ང་ཚོས“ལག་རྡང་སྦྲེལ་ནས་འབྱོར་འབྲིང་མཉམ་སྐྲུན་བྱས་ཏེ། མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བར་བྱེད”ཅེས་པའི་དམིགས་འབེན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ་གོ་སྐབས་སུ་བཟུང་ནས། རྒྱུན་ཆད་མེད་པར་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཐད་ལ་མ་དངུལ་གཏོང་ཤུགས་རྒྱ་ཆེར་བཏང་སྟེ། མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དྲོད་ཁོལ་གང་ལེགས་སྒོས་རོལ་མྱོང་དང་། ཏང་གི་སྲིད་ཇུས་བཟང་པོ་ལས་ཐོབ་པའི་འབྲས་བུ་དག་ལོངས་སུ་སྤྱོད་ཐུབ་པར་གྱུར་བ་དང་། དེ་དང་མཉམ་དུ། “བློ་གྲོས་གཉིས་སྐྱོར”གཏིང་ཟབ་དུ་ལག་བསྟར་བྱས་ཏེ། ཧུར་ཐག་སྒོས་དབུལ་ཕོངས་མང་ཚོགས་རང་འགུལ་ངང་ཁྱིམ་གཞིས་འཛུགས་སྐྲུན་ནང་ཞུགས་པ་དང་། རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་འབྱོར་ཕྱུག་ཏུ་གཏོང་བར་སྣེ་ཁྲིད་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱིས“ང་རང་དབུལ་ཐར་བྱེད་རོགས”ནས“ང་རང་དབུལ་ཐར་བྱེད་རྒྱུ”ཞེས་པའི་བསམ་བློའི་འགྱུར་ལྡོག་མངོན་འགྱུར་བྱུང་སྟེ། མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་འདོད་བློ་སྔར་ལས་ཇེ་དྲག་ཏུ་གྱུར།

གསར་འགོད་པ། ད་ལོར་རིམས་ནད་ཀྱི་ཤུགས་རྐྱེན་འོག་མགོ་ལོག་ཁུལ་གྱིས་དབུལ་ཐར་བྱེད་ཐུབ་པའི་ས་ཁུལ་གྱི་མང་ཚོགས་ཡང་བསྐྱར་དབུལ་པོར་མི་འགྱུར་བར་ཇི་ལྟར་སྔོན་འགོག་དང་ཚོད་འཛིན་བྱས་པ་ཡིན་ནམ?

པད་རྒྱལ་བཀྲ་ཤིས་ན་རེ། ངས་བསམ་ན་ཐོག་མར“དོར་མི་རུང་བ་བཞི”དང“གསར་སྣོན་གསུམ”གྱི་བླང་བྱ་གཞིར་བཟུང་ནས། མི་འདང་ཉམས་ཞན་ཆ་གཅིག་འདུ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་འབུར་ཐོན་ལ་དམིགས་ནས། “ ཁ་གསབ་ལེགས་བཅོས”ཀྱི་ཆེད་དོན་བྱ་སྤྱོད་དང“དབུལ་ཐར་ཆེན་པོ་དགུའི་རྗེས་མཐུད་སྲ་བརྟན་བྱ་སྤྱོད”ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།  གནས་སྤོར་བྱ་ཡུལ་གྱི་རྗེས་མཐུད་རྒྱང་རིང་འཕེལ་རྒྱས་འཆར་འགོད་ནན་ཏན་ངང་འཆར་འགོད་བྱེད་དགོས།  གསར་དུ་བྱུང་བའི་དབུལ་ཕོངས་མི་འབོར་དང་།  ཡང་བསྐྱར་དབུལ་བོར་འགྱུར་བའི་མི་འབོར།  བལྟོས་བཅས་ཀྱི་དབུལ་ཕོངས་མི་འབོར་བཅས་ལ་རོགས་སྐྱོར་བྱེད་པའི་ཡུན་རིང་ཕན་པའི་ལམ་སྲོལ་འཛུགས་པ་དང་།  དབུལ་ཕོངས་ཀྱི་མཐའ་མཚམས་མང་ཚོགས་ལ་རོགས་སྐྱོར་ལེགས་པོ་བྱས་ནས།  དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བསྣན་པ་ཡིན།

དམིགས་འབེན་འདིར་དམིགས་ཏེ།  ང་ཚོས་གཙོ་བོ་ཕྱོགས་བཞི་ཡི་ལས་དོན་བསྒྲུབས་པ་ཡིན།  གཅིག་ནི་ཡིག་ཚགས་བྱང་བུ་བཟོས་མེད་པའི་ཁྱིམ་ཚང་གི་སྡོད་ཁང་འགན་སྲུང་མཐོར་འདེགས་གཏོང་བའི་བྱ་བ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། རོང་འབྲོག་མང་ཚོགས་ཡོངས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱེད་དགོས།  གཉིས་ནི“ཅི་ཞིག་མི་འདང་ན་དེར་ཁ་གསབ་བྱ་རྒྱུའི”རྩ་དོན་ལྟར།  གཞི་རིམ་གྱི་བགྲོད་ལམ་དང་།  གློག་སྤྱོད།  འཐུང་ཆུའི་བདེ་འཇགས་སོགས་ཀྱི་རྨང་གཞིའི་ཆ་རྐྱེན་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་ཕྱོགས་ཡོངས་སུ་དབུལ་ཐར་གྱི་ཚད་གཞིའི་བླང་བྱར་སླེབས་ཐུབ་པ་བྱེད་དགོས།  གསུམ་ནི་གོམ་གང་མདུན་སྤོས་སྒོས་ད་ཡོད་ཀྱི་དབུལ་སྐྱོར་ཐོན་ལས་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཐོན་ལས་ཀྱི་དཔལ་འབྱོར་ཕན་འབྲས་མཐོ་རུ་གཏོང་བ་དང་།  དབུལ་སྐྱོར་ཐོན་ལས་གསར་པ་འཆར་འགོད་དང་སྐུལ་འདེད་བཟང་པོ་བཏང་ནས།  གནས་སྤོར་ཁྱིམ་ཚང་གི་ཡོང་འབབ་འཕར་ཡུན་རིང་བོར་བརྟན་འཇགས་ངང་འཕར་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བཟང་པོ་བྱེད་དགོས།  བཞི་ནི་སློབ་གསོ་དང་བདེ་ཐང་དབུལ་སྐྱོར་གྱི་འགན་ལེན་ལས་དོན་ལ་མུ་མཐུད་དུ་དམ་འཛིན་ནན་ཏན་སྒོས་སློབ་སྦྱོང་དང་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་བར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།

གསར་འགོད་པ། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཁྱེད་ཀྱིས་གྲོས་གཞི་དང་གྲོས་འགོ་གང་དག་འདོན་འཆར་ཡོད་དམ?

པད་རྒྱལ་བཀྲ་ཤིས་ན་རེ། མཚོ་སྔོན་དང་ལྷག་པར་དུ་མགོ་ལོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ངས་ཚོགས་ཆེན་ལ་ཕྱོགས་བརྒྱད་ཀྱི་ཐད་ནས་གྲོས་འགོ་འདོན་འཆར་ཡོད་དེ།  དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱད་དེ་མཚོ་སྔོན་རོགས་སྐྱོར་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་དུ་མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་འཛིན་གྲྭ་འཛུགས་པ་དང་།  ཁ་གཏད་རོགས་སྐྱོར་གྱི“ཚོགས་པའི་རྣམ་པ”སློབ་སྐྱོར་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།  མཚོ་སྔོན་འབྲོག་ཁུལ་གྱི་སློབ་སྔོན་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཆེད་མངགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ།  མཚོ་སྔོན་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།  མཚོ་སྔོན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་ལག་རྩལ་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  དེ་བཞིན་ཟི་ལིང་ནས་མགོ་ལོག་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་།  མཚོ་སྔོན་རོགས་སྐྱོར་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་དུ་དབུལ་སྐྱོར་ཐོན་རྫས་འགྲེམས་ཚོང་སྟེགས་བུ་འཛུགས་པ།  མཚོ་སྔོན་གྱི་འབྲི་གཡག་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གཞི་གྲངས་དཔལ་འབྱོར་རམ་འདེགས་བྱེད་པའི་གྲོས་གཞི་འདོན་འཆར་ཡོད།

གསར་འགོད་པ། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་ཁྱེད་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོ་གང་དག་ཡོད་དམ?

པད་རྒྱལ་བཀྲ་ཤིས་ན་རེ། ངས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་ཇི་ལྟར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་།  སྤུས་ཚད་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ།  སྤུས་ཚད་མཐོ་བའི་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  དེ་བཞིན་མཐའ་ཁུལ་གྱི་མི་རིགས་ས་ཁུལ་གྱི་ཞང་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་བའི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏོང་བ།  སྤྱི་བའི་འཕྲོད་བསྟེན་འཕྲལ་བསྟུན་དོ་དམ་མ་ལག་འཛུགས་སྐྲུན་བཅས་ཐད་ཀྱི་གནད་དོན་ལ་དོ་སྣང་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཨ་བརྟན་རྒྱལ།