རང་ཞིང་གི་སྤྱི་ཚོགས་ལོ་ལོན་ཅན་དུ་གྱུར་ཡོད་ལ། རྒན་གསོའི་ཞབས་ཞུའི་འགོ་ཚུགས་པ་འཕྱི་བས། ལོ་ན་རྒན་པའི་རང་བཞིན་ཅན་གྱི་དཔལ་འབྱོར་རྨང་གཞི་ཅུང་ཉམས་ཞན་ཡིན་པ་དང་།ཁྲོམ་རའི་སྐྱེ་འཚར་གྱི་ཚད་གཞི་མི་མཐོ་ལ། ཞབས་ཞུའི་འདོན་སྤྲོད་ཀྱི་ནུས་པས་འདང་གིན་མེད།ལྷག་པར་དུ་མཚོ་ངོས་ལས་མཐོ་བའི་མི་རིགས་རང་སྐྱོང་ས་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་ཉུང་ལ་ཆ་རྐྱེན་ཞན་པ་དང་། ཞབས་ཞུའི་ཐོན་ཁུངས་དཀོན་པས། དཔེར་མཚོན་རང་བཞིན་གྱི་སྔོན་ལ་གྲ་སྒྲིག་མེད་པར་ལོ་ན་རྒས་པའི་གྲས་སུ་གཏོགས་པ་རེད། དོན་དེར་གཞི་བཅོལ་ནས་རང་ཞིང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཀྲང་ཞོ་རོང་དང་མིན་ཧེ་ཡིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོའི་ཞབས་ཞུ་མངག་ཉོ་བྱེད་པར་རྒྱབ་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ཁྲོད་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར། རང་ཞིང་གིས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོའི་ཞབས་ཞུ་མངག་ཉོ་བྱེད་པ་དར་སྤེལ་བཏང་ནས། སྤྱི་ཚོགས་སྟོབས་ཤུགས་དེ་ཧུར་ཐག་གིས་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་འདེད་བཏང་ནས། རྒན་གསོའི་ཞབས་ཞུའི་ཁེབས་ཚད་རྒྱ་ཇེ་ཆེ་དང་། རྒན་གསོའི་ཞབས་ཞུའི་སྒྲིག་ཆས་གྲངས་ཚད་ཇེ་མང་། རྒན་གསོའི་ཞབས་ཞུའི་སྤུས་ཚད་ཇེ་ལེགས་བཅས་སུ་གཏོང་བར་ལེགས་ཆ་འདོན་སྤྲོད་བྱས། ལོ་ངོ་མང་པོའི་འབད་འཐབ་བརྒྱུད་ནས། རང་ཞིང་དུ་གཞིས་སྡོད་རྒན་གསོ་རྨང་གཞི་ཡིན་ཞིང་། གཞིས་ཁུལ་རྒན་གསོས་གཞོགས་འདེགས་དང་། ལས་ཁུངས་རྒན་གསོས་ཁ་གསབ་བྱེད་པའི་རྒན་གསོའི་ཞབས་ཞུའི་མ་ལག་ཅིག་ཐོག་མར་ཆགས་ཤིང་། རྒན་གསོའི་ཞབས་ཞུའི་མ་ལག་དེ་མེད་པ་ནས་ཡོད་པའི་ཕྱོགས་སུ་གོམ་པ་སྤོས། འོན་ཀྱང་རང་བྱུང་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྒྱའི་དབང་གིས། རང་རྒྱལ་གྱི་དབུས་ཤར་ཞིང་ཆེན་དག་དང་བསྡུར་ན། རང་ཞིང་གི་རྒན་གསོའི་ཞབས་ཞུའི་བྱ་བ་དེར་སྔར་བཞིན་བར་ཁྱད་དང་ཧེ་བག་ངེས་ཅན་ཞིག་ཡོད་དེ། རྒྱ་ཆེའི་ལོ་ལོན་རྣམས་ཀྱི་བདེ་སྐྱིད་རྒན་གསོའི་དམིགས་ཚད་དང་རྒན་གསོའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཉིས་དོ་མཉམ་མིན་པ་དང་། འདང་ངེས་མིན་པའི་གནས་ཚུལ་གྱི་འགལ་བ་སྔར་བཞིན་འབུར་ཐོན་རེད་ཟེར།
འཐུས་མི་ཀྲང་ཞོ་རོང་དང་མིན་ཧེ་ཡིས་གྲོས་གཞི་བཏོན་དོན། ཀྲང་དབྱང་གིས་རང་ཞིང་གི་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ཞིང་གིས་མཐོ་སྒང་མི་རིགས་ས་ཁུལ་གྱི་རྒན་གསོའི་ཞབས་ཞུའི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱས་ནས། མཐོ་སྒང་གི་ལོ་ན་བགྲེས་པའི་མི་རྣམས་ལ་རྒན་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།