སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2020.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་དམངས་དོན་ཁྲིམས་གཞུང་འཆར་ཟིན་བཟོ་བཅོས་མ་ཡིག་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་བཟོ་བཅོས་མ་ཡིག་ལ་ནན་ཏན་སྒོས་གྲོས་ཞིབ་བྱས། ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་ཞིབ་བྱས། ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ་དང་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་ཞིབ་བྱས།

ཚོགས་ཐོག་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིས་བཏོན་པའི་གྲོས་གཞིའི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་།