ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ་ནས་ཚེས་ཉེར་བདུན་ཉིན་བར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། དམངས་དོན་ཁྲིམས་གཞུང་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ། དེ་མིན་ད་དུང་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ཧྲིལ་བོའི་འཆར་གཞི། ལོ་ཧྲིལ་བོའི་སྔོན་རྩིས་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་གསུམ་ལ་གྲོས་ཞིབ་བྱས། འཐུས་མི་ཝང་ཅན་ཅུན་དང་ལིའུ་ཉིང་། ཀྲང་ཀོང་རུང་། ཐིན་ཅཱ་ཚའེ་སོགས་ཀྱིས་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིན་གོ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མེན་ཡུང་ཧྲན་ཚོགས་འདུར་ཟུར་ཞུགས་བྱས་ནས་གཏམ་བཤད། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་བརྙན་ལམ་ནས་བསམ་འཆར་དང་གྲོས་གཞིར་ཉན།
ཝང་ཅན་ཅུན་གྱིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཡོད་པས། དེ་ནི་ཆབ་སྲིད་རྩ་བར་འཛིན་པ་དང་རྩ་ཁྲིམས་བླ་སྲོག་ཏུ་འཛིན་པ། བཅའ་ཁྲིམས་ཚད་གཞིར་འཛིན་པ། མི་དམངས་ལྟེ་བར་འཛིན་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད། སྙན་ཞུ་གཉིས་ཀྱིས་རིམས་ནད་འགོག་རྒོལ་གྱི་འགན་འཁྲི་ནས་འགོ་བརྩམས་ཏེ། གྲངས་ཀའི་དཔེ་མཚོན་རྒྱབ་དཔུང་དུ་དྲངས་ནས་སྐད་ཆ་བཤད་ཡོད་པ་དང་། ལས་ཀའི་དཔེ་རིས་ཀྱིས་ཁ་གསབ་བྱས་ནས། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”བཅས་ཀྱི་འགན་འཁུར་ཆེད། ཐོག་མའི་བསམ་འདུན་གྱི་འགན་འཁྲིར་བརྟེན་ནས་བློ་དཀར་སེམས་དཀར་བྱས་པ་དང་། དམངས་ལ་བརྩེ་སེམས་བཅངས་ནས་དམིགས་ཡུལ་ལག་ལེན་དུ་བསྟར་བ། ཁྲིམས་སྐྱོང་དབང་གྲགས་ལ་བརྟེན་ནས་འཕེལ་རྒྱས་འགན་སྲུང་བྱེད་པ། ངན་འདོམས་དགེ་སྤེལ་གྱིས་དྲང་གཞག་མངོན་པར་བྱེད་པ། བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་བཟང་སྐྱོང་མཁས་ཀྱིས་དར་སྲོལ་ལ་སྣེ་ཁྲིད་དང་། སྒོ་འབྱེད་དང་ཕྱི་གསལ་ནང་གསལ་གྱིས་ལྟ་སྐུལ་དང་ལེན་བྱེད་པ། དཔུང་སྡེ་ཁྱོན་ཡོངས་ནས་སྦྱོང་བརྡར་ནན་མོ་བྱེད་པ་བཅས་ལ་འབད་དེ། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད་པས། ང་དེར་རྦད་དེ་མོས་མཐུན་ཡོད། མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ནུས་ལྡན་མཛུབ་སྟོན་འོག་ཏུ། ལྟེ་གནད་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་རང་འགན་གཙང་སྒྲུབ་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན། “དཔལ་འབྱོར་གྱི་རྣམ་པ་རིགས་བཞི”སྐྱེད་སྲིང་བཅས་བྱེད་ཆེད་གཞོགས་འདེགས་ལེགས་པོ་བྱས་ཡོད། ཚོགས་འདུ་གྲོལ་རྗེས་མཚོ་སྔོན་གྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས”ཀྱི་སྙན་ཞུ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་ཟེར།
ལིའུ་ཉིང་གིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས”ཀྱིས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བྱས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བཅོལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས། རང་འགུལ་ངང་རིམས་ནད་འགོག་སྡོམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་གང་ལེགས་བྱས་ཡོད། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་དམིགས་ཡུལ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཡོད། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ལས་དོན་ཁག་ཏན་ཏིག་ནུས་ལྡན་དང་འབུར་དུ་ཐོན་ཡོད། སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཞིང་བསམ་ཕྱོགས་འདུ་ཤེས་གསར་པ་ཡིན་པ། དུས་རབས་ཀྱི་ཉམས་འགྱུར་མངོན་པ། དམངས་འཚོའི་བརྩེ་སེམས་ཟབ་པ། ཁྲིམས་འཛིན་གྱི་གདེང་ཚོད་དང་ཁྲིམས་འཛིན་གྱི་སྤྱི་མོས། ཁྲིམས་སྐྱོང་གི་ལ་རྒྱ་བཅས་གང་ལེགས་ཀྱིས་མངོན་ཡོད་པས།ང་རང་ངོས་ནས་རྦད་དེ་མོས་མཐུན་ཡོད།དུས་ཡུན་རིང་པོའི་ནང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་ཞིང་། མཚོ་སྔོན་གྱི་རིམ་པ་སོ་སོའི་འདྲི་གཅོད་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ནུས་ཆེའི་སྒོ་ནས་འགན་འཁྲི་ལག་བསྟར་བྱས་ཏེ།མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས། ང་ཚོས་ཁྲིམས་སྐྱོང་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྲིམས་བཤེར་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཕན་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཀྲང་ཀོང་རུང་གིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་ལ། ཕྱོགས་ཡོངས་དང་དངོས་ཐོག་བདེན་འཚོལ། གཞི་གྲངས་ཀྱིས་རྒྱབ་དཔུང་བྱེད་པ་དང་དཔེ་དངོས་ཀྱིས་ར་སྤྲོད་བྱེད་པའི་སྙན་ཞུ་ལེགས་པོ་ཞིག་ཡིན་པར་མ་ཟད། ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྲིམས་འཛིན་གྱི་ཆོས་ཉིད། མི་དམངས་ཀྱི་འདོད་བློ་བཅས་ཟུང་འབྲེལ་དམ་ཚགས་བྱས་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པར་བརྟེན།ང་རང་ངོས་ནས་མོས་མཐུན་ཡོད།འདས་ཟིན་པའི་ལོ་གཅིག་ནང་།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་“ཁྲིམས་འཛིན་གྱོད་གཞི་རེ་རེའི་ནང་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་དགོས་”པའི་དམིགས་འབེན་བླང་བྱར་རྩེ་གཅིག་ཏུ་དམིགས་ཏེ། བཅའ་ཁྲིམས་ལྟར་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་དང་།ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱས་ཤིང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་ཕོད་པར་བྱས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་ཏན་ཏིག་ཡིན་པ། དམངས་ཀྱི་དོན་དུ་ཁྲིམས་འཛིན་ཕན་འབྲས་བཟང་བ། ཁྲིམས་འཛིན་བཅོས་སྒྱུར་ལ་སླར་ཡང་ཤུགས་སྣོན་བརྒྱབ་པ། རང་ངོས་འཛུགས་སྐྲུན་གྱི་བླང་བྱ་ནན་མོ་ཡིན་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་ལས་གཞན།ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་དམངས་དོན་དུ་ཁྲིམས་འཛིན་བྱེད་ཐབས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་འཇགས། མི་དམངས་ཀྱི་བདེ་ཐང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས། སྒྱུར་འཕེལ་བརྟན་གསུམ་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་ཟེར།
ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་དམངས་ཀྱི་དོན་དུ་ཁྲིམས་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་མཐའ་འཁྱོངས་བྱས་པས་ལས་ཀའི་ཁྱད་ཆོས་མངོན་གསལ་དོད་ཅིང་།ཁྲིམས་སྐྱོང་འཛུགས་སྐྲུན་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་པས།ང་རང་ངོས་ནས་རྦད་དེ་མོས་མཐུན་ཡོད་ཟེར།
ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥང་། ཀྲང་ཞའོ་རུང་། ཀྲང་ཡུང་ལི། མེན་ཧའེ། ཧྲ་ཧྥང་། བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་དེ།ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུར་རྦད་དེ་མོས་མཐུན་ཡོད་ཅེས་མགྲིན་གཅིག་ཏུ་བཤད་པར་མ་ཟད།དུས་རབས་གསར་པའི་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གཉིས”ཀྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།