སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུ་དེ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་གཏན་འཇགས་སུ་གཏོང་བ། དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་སའི་ཚོང་ཆུའི་བཞུར་རྒྱུད་ས་ཁུལ་དུ་སྤྱིའི་མི་གྲངས་ས་ཡ་གསུམ་དང་འབུམ་བརྒྱ་ཁྲི་ལྔ་སྟོང་གཅིག་སུམ་བརྒྱ་ཡོད་པ་དང་། དེའི་ཁྲོད་གྲངས་ཉུང་མི་རིགས་མི་གྲངས་ཀྱིས་ས་ཁུལ་གྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་སོ་བརྒྱད་དང་གྲངས་ཆུང་བདུན་བརྒྱད་ཟིན། ལས་གཞི་ས་ཁུལ་ཧོང་ཀྲུང་དང་ཕེན་ཨན། ལི་ཏུའུ། མེན་ཧི་བཅས་རྫོང་བཞི་རྒྱལ་ཁབ་རིམ་པའི་ལིའུ་ཕན་རི་བོའི་དབུལ་སྐྱོར་ཁུལ་ཁོངས་གཙོ་བོ་རུ་ཆགས་ཡོད་པ་དང་། ཚང་མ་རྒྱལ་ཁབ་དབུལ་སྐྱོར་བྱ་བའི་རྫོང་གཙོ་བོ་ཡིན་ལ། དབུལ་ཕོངས་མི་གྲངས་འབུམ་གཉིས་ལ་སླེབས་ཡོད། བཞུར་རྒྱུད་ས་ཁུལ་གྱི་རི་འབུར་ཁུལ་དུ་ཆར་འབབ་ཚད་ཉུང་ཞིང་ཐན་སྐྱོན་འབྱུང་སླ་བ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་ལ། མང་ཚོགས་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་ཆེ་བ་དང་ཡོང་སྒོ་ཇེ་མང་དུ་གཏོང་དཀའ། ས་ཁོངས་དེ་ཆུ་ཧ་ཅང་དཀོན་པས། བཟོ་སྐྲུན་འཛུགས་སྐྲུན་བྱས་ན་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་དང་། ས་ཁོངས་ཀྱི་ཆུའི་བདེ་འཇགས་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བ། དམངས་ཚིས་ལེགས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་གཏན་འཇགས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོབ་བྱེད་རྒྱུའི་གྲོས་གཞི་བཏོན།
མཚོ་སྔོན་འཐུས་ཚབ་ཚོགས་པས། རྒྱལ་ཁབ་ཀྱིས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་སྐྲུན་འཛུགས་སྐྲུན་ལ་འཐད་པ་བྱུང་བ་མ་ཟད་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན།