མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་འགན་ནན་སྒྲུབ་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཁྱོན་བསྡོམས་མི་སྒེར་གྱི་གྲོས་གཞི་རེ་གསུམ་བཏོན་ནས་ཚོགས་ཆེན་ལ་སྤྲད་པ་དང་མི་ཞེ་གསུམ་གྱིས་ཚན་ཆུང་གི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ།
2020.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་ལ། མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅུ་བདུན་གྱིས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་རང་རྒྱུད་ལ་བཅངས་ནས།གྲོས་ཚོགས་ལ་ཞུགས་ནས་འགན་ནུས་བསྒྲུབས་ཏེ། ཁྱོན་བསྡོམས་མི་སྒེར་གྱི་གྲོས་གཞི་རེ་དྲུག་བཏོན་པ་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཀྲུའུ་ཞི་དང་མཉམ་དུ་གྲོས་གཞི་བཞི་བཏོན། ཚོགས་ཆེན་གྱི་ཡིག་ཐོག་གཏམ་བཤད་རྒྱུ་ཆ་བཞི་ཕུལ་བ་དང་ མི་ཞེ་གསུམ་གྱིས་ཚན་ཆུང་གི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ནས། ཨུ་ཡོན་གྱི་སྤྱི་ཡོངས་ཀྱི་འགན་འཁྲི་སྒྲུབ་པའི་ཆུ་ཚད་སྔར་ལས་མཐོ་རུ་བཏང་།

གྲོས་གཞི་དང་སྲིད་གྲོས་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཆེན་གཏམ་བཤད་ནི་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་སྒྲུབ་པ་དང་སྲིད་ཞུགས་སྲིད་གླེང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། སྲིད་གྲོས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།

ཚོགས་འདུའི་སྐབས་སུ། ཨུ་ཡོན་ཚོས་སྙན་ཞུ་སྣ་ཚོགས་དང་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་དང་གྲོས་བསྡུར་ནན་ཏན་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ། ནུབ་རྒྱུད་གསར་སྤེལ་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་སོགས་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ། མཚོ་སྔོན་དྲིལ་བསྒྲགས་འོས་སྦྱོར་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་ཇུས་འདོན་ལེགས་པོ་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།