མཚོ་སྔོན་འཐུས་ཚབ་ཚོགས་པས་བྱ་བའི་ལས་ཁུངས་ཀྱི་སྤྱི་སྡོམ་གྲོས་ཚོགས་བསྡུས།
2020.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་རྗེས། མཚོ་སྔོན་འཐུས་ཚབ་ཚོགས་པས་ཁོ་ཚོ་འདུག་ས་ནས་བྱ་བའི་ལས་ཁུངས་ཀྱི་སྤྱི་སྡོམ་གྲོས་ཚོགས་བསྡུས།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ། འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ཀོང་རོང་གིས་གཏམ་བཤད་སྐབས་མཚོ་སྔོན་འཐུས་ཚབ་ཚོགས་པའི་བྱ་བའི་མི་སྣ་ཡོངས་ཀྱི་འབད་འཐབ་ལ་བཀའ་དྲིན་ཞུས། ཁོས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནི་དམིགས་བསལ་རྒྱབ་ལྗོངས་དང་གནད་འགག་དུས་སུ་བསྡུས་པ་ཡིན་ལ། དུས་ཡུན་ཐུང་ནའང་གྲོས་རིམ་ཇེ་ཉུང་དུ་བཏང་མེད་པ་དང་། གྲོས་གཞི་ཧ་ཅང་ཆེ། མཚོ་སྔོན་འཐུས་ཚབ་ཚོགས་པས་བདེ་བླག་ངང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་པ་དང་། དེ་འཐུས་མི་ཚོའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་པ་དང་ཁ་འབྲལ་ཐབས་མེད་ལ། བྱ་བའི་མི་སྣ་ཡོངས་ཀྱི་འབད་འཐབ་དང་ཁ་འབྲལ་ཐབས་མེད། ཚོགས་ཆེན་གྱི་གནས་སྐབས་ཏང་ཙུའུ་ཡི་འགོ་ཁྲིད་འོག འཐུས་ཚབ་ཚོགས་པའི་བྱ་བའི་ཚན་ཆུང་དང་བྱ་བའི་མི་སྣ་ཡོངས་ཀྱིས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་དམིགས་པ། ཁག་ཁུར་བྱེད་ཕོད་པ། འགན་ནུས་སྒྲུབ་པ། རེ་བ་ནན་མོ་འདོན་པ། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་བཅས་བྱས་ཏེ། ལས་ཀ་སོ་སོར་བགོས་ཀྱང་སེམས་ཤུགས་གཅིག་ཏུ་བསྡུས་ལ། སྟོབས་ཤུགས་ཕྱོགས་གཅིག་ཏུ་བཏོན་པ་དང་། བྱ་བའི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་བཏང་ལ། མི་ལ་བརྟེན་ནས་ལས་རྐང་གཏན་ཁེལ་བྱེད་པ་དང་འགན་འཁྲི་ནན་དཀྲི་བྱེད་པ། སྒྲིག་ལམ་ནན་མོ་དང་སྤྱོད་ཚུལ་བཟང་བོས་ཕྱོགས་སོ་སོའི་བར་སྦྲེལ་མཐུད་བཟང་བོ་བྱས་ལ། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་བསྒྲུབས་ནས། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་འགན་འཁྲི་ཁག་ཁུར་དྲག་པོ་མངོན་པར་བྱས་པ་དང་། དམིགས་བསལ་གྱི་ཏང་གཤིས་སྦྱོང་བརྡར་དང་ཞིབ་དཔྱད་ཉམས་ལེན་བྱས། དེ་དང་མཉམ་དུ། ཚོགས་ཆེན་དོ་དམ་གྱི་འགྱུར་ལྡོག་གསར་བ་དང་རེ་བ་གསར་བ་ལྟར། བྱ་བ་བཟང་བོ་སྤེལ་ནས་གྲུབ་འབྲས་བཟང་བོ་བླངས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་པ་དང་སྤྱི་སྡོམ་བྱེད་པའི་ཞོར་དུ་ཀླད་པ་གསལ་བོའི་སྒོ་ནས་ལེགས་བསྒྱུར་དང་མཐོར་འདེགས་གཏོང་དགོས་སར་བསམ་གཞིགས་ནན་མོ་གཏོང་བ། ཚོགས་ཆེན་བསྡུ་བའི་འབྲེལ་ཡོད་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་སྟེ། ཚོགས་ཆེན་གྱི་ཞབས་ཞུ་འགན་སྲུང་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།