ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས། 
2020.06.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཞིང་ཆེིན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་བསྡུས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་སོགས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པ་དྲུག་གི་འགོ་ཁྲིད་ཁོངས་མི་སློབ་སྦྱོང་ལ་ཞུགས། 

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པའི་ཆ་ནས། དངོས་གཉེར་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་སློབ་སྦྱོང་དང་བེད་སྤྱོད། དྲིལ་སྒྲོག་བཅས་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། མི་དམངས་བླ་རུ་བཀུར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐར་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་དྲོ་འཁྱག་ལ་སེམས་ཁུར་བྱེད་པ་དང་། རྒྱུན་ཆད་མེད་པར་མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་མཐོར་འདེགས་དང་སྲིད་གཞུང་གིས་དམངས་འཚོར་རྒྱབ་སྐྱོར་བྱེད་པའི་མ་མཐའི་ཚད་ཐིག་སྲུང་བར་རོགས་འདེགས་བྱས་ཏེ། མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་པར་རོགས་རམ་བྱེད་དགོས་ཟེར། སྙིང་བོའི་ཆེ་ཕྱོགས་ལ་དམིགས་པ་དང་གཏན་འཇགས་དྲུག་དངོས་འབེབ་བྱེད་པ་དང་། འགན་སྲུང་དྲུག་གི་ལས་འགན་ཇེ་དྲག་ཏུ་གཏོང་བའི་དྲིལ་སྒྲོག་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཕེལ་རྒྱས་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས་པ་དང་། ཐོན་ལས་སླར་གསོ་དང་ཚོང་རའི་སླར་གསོ་ལ་དམིགས་ནས་ཞབས་ཞུ་འདོན་སྤྲོད་བྱས་ནས་ཚོང་ར་གཙོ་བོ་དག་གིས་ཐོན་སྐྱེད་ཚོང་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བའི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་མང་ཚོགས་ལ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཁྲོད་ཟབ་ཞུགས་བྱེད་པར་རྩ་འཛུགས་བྱེད་དགོས། རྒྱ་ཆེའི་མང་ཚོགས་དག་གིས་ལས་བསྐྲུན་བྱས་རྗེས་འཇོག་པར་སྟེགས་བུ་འཛུགས་པ་དང་མང་ཚོགས་ཀྱི་ནང་གི་སྒུལ་ཤུགས་སྐུལ་སྤེལ་བྱས་ནས། ཟོལ་མེད་ཀྱིས་ལས་རིགས་སོ་སོའི་མང་ཚོགས་ཀྱིས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཙོ་ཤུགས་དམག་དཔུང་གི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དམངས་ཁྲིམས་བསྟན་བཅོས་ཀྱི་བཅའ་ཁྲིམས་ཁྱབ་གདལ་བྱ་བ་རྒྱ་ཆེར་སྤེལ་ཏེ། དམངས་ཁྲིམས་བསྟན་བཅོས་མང་ཚོགས་ཁྲོད་ཟབ་ཞུགས་བྱེད་པ་དང་མང་ཚོགས་ཀྱིས་རྒྱུས་ལོན་བྱེད་དུ་བཅུག་ནས། སློབ་གསོ་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཀྱིས་བཅའ་ཁྲིམས་བརྩི་སྲུང་དང་ཁྲིམས་ལུགས་སློབ་སྦྱོང་། ཁྲིམས་ལུགས་བརྩི་སྲུང་། བཅའ་ཁྲིམས་བེད་སྤྱོད་བཅས་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།