ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན།མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའི་གྲོས་ཚོགས་ཐེངས་ང་གསུམ་པ་དང་ཀྲུའུ་ཞི་གྲོས་ཚོགས་ཐེངས་སོ་བརྒྱད་པར་འགོ་འཛིན་བྱས་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གནས་བབ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་། ཁོང་དུ་ཡང་དག་ཆུད་པར་བྱེད་པའི་རྨང་གཞིའི་ཐོག་ཏུ། རང་རྒྱལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་དང་ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་ཞིབ་འཇུག་དང་གཏན་འབེབས་བྱས་པས། དེར་དུས་རབས་ཀྱི་རང་བཞིན་དང་ཁ་ཕྱོགས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་མངོན་གསལ་ལྡན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་པ་དང་། “བརྒྱ་ལོ་དང་པོའི”འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད་ཅིང་། དེས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་དུས་ངལ་མཉམ་སེལ་དང་དཀའ་ངལ་མཉམ་སེལ་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་ཆེས་ཆེར་འཕེལ་བར་བྱས་ཡོད་ཟེར།
ཝང་ཞའོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན།ཏུའུ་ཅེ། ཀྲང་ཝུན་ཁུའེ། མ་ཧའེ་དབྱིན། ཏུའུ་ཏི་ཀྲི། ལིའུ་ཏ་ཡེ་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།