ཟླ་དྲུག་པའི་ཚེས་གཅིག་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱ་དང་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། དམངས་ཆེན་གྱི་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མ་ཝེ་དང་ཀའོ་ཧྭ། ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་ཝུའུ་ཁྲིན་ཡུན། ཝུའུ་ཧེ་ཁུན་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིག་ཐུན་ཏི་ཟུར་ཞུགས་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་སྦྲེལ་ཏེ། རྣམ་པ་མང་པོ་བརྒྱུད་དེ་སློབ་སྦྱོང་བཟང་བོ་བྱེད་པ་དང་། སྲོག་ཤིང་དོན་སྙིང་གསལ་བོར་ཤེས་པར་བྱེད་དགོས་ལ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་དང་གཅིག་གྱུར་བྱེད་པ། ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པ་དང་གཅིག་གྱུར་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་སྔར་ལས་གཅིག་སྡུད་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བསམ་ཕྱོགས་ཡང་དག་པར་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།