ཟླ་དྲུག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་ཚོགས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།
མགོན་པོ་བཀྲ་ཤིས་དང་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། མཱ་ཧེ་དབྱིན། ཏུའུ་ཏི་ཀྲི། དབྱང་ཁི་ཞང་། ལིའུ་ཏཱ་ཡེ་བཅས་གྲོས་ཚོགས་ལ་ཞུགས། མཱ་ཀྲི་ཝེ་གདན་འདྲེན་ཞུས་པ་ལྟར་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་སྟོད་ཀྱི་བྱ་བའི་གནས་ཚུལ་ལ་སྤྱི་སྡོམ་བྱས། ད་ལོའི་ལོ་སྟོད་དུ་ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ལ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། ཆེད་དོན་གྲོས་མོལ་སྲིད་གླེང་བྱ་འགུལ་སྤེལ་བས། བློ་འདོན་ཇུས་འབུལ་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་། སྲིད་གྲོས་ལས་ཁུངས་ཀྱི་བརྗོད་དོན་ལག་ལེན་བྱ་འགུལ་སྤེལ་བར་འཆར་འགོད་ཞིབ་མོ་བྱས་པ་དང་། སྲིད་གྲོས་བྱ་བའི་མཉམ་འགུལ་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་། གྲོས་གཞི་སྤྲོད་སྒྲུབ་བྱ་བ་བཟང་བོར་བསྒྲུབས་པ་དང་། གྲོས་གཞི་བསྒྲུབ་པའི་བྱ་བའི་འགོ་བཟང་བོ་བརྩམས། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཨུ་ཡོན་གྱི་འགན་སྒྲུབ་བྱ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་། མི་སྣའི་སྦྱོང་བརྡར་ཆེན་པོ་དང་ལས་རྐང་སྦྱོང་བརྡར་ཆེན་པོ། ཁོར་ཡུག་བཅོས་སྐྱོང་ཆེན་པོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་ཟེར།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཐད་ནས་འཐབ་ཇུས་གྲུབ་འབྲས་བླངས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་གྱི་དུས་སྐབས་གལ་ཆེན་དུ་བསྡུས་པ་ཡིན་ལ། དོན་སྙིང་གལ་ཆེན་ལྡན་པས། ང་ཚོས་ཏང་ཀྲུང་དབྱང་གི་མིག་སྔའི་གནས་བབ་ཀྱི་ཚན་རིག་དབྱེ་འབྱེད་ལ་ངོས་འཛིན་གཏིང་ཟབ་དང་རྒྱུས་ལོན་ཡང་དག་བྱེད་པ་དང་། བསམ་བློ་ཚོགས་ཆེན་གཉིས་ཀྱི་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བཀོད་སྒྲིག་གལ་ཆེན་གྱི་རེ་བའི་སྟེང་གཅིག་གྱུར་མཐོན་པོ་བྱེད་པ། འབད་འཐབ་ལྷོད་མེད་ཀྱིས་སྲིད་གྲོས་བྱ་བ་སྣ་ཚོགས་སྤུས་འདེགས་ནུས་སྤེལ་བྱེད་དགོས། གཅིག་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་ཨུ་ཡོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་ཆེར་བསྐྱེད་དགོས། གཉིས་ནས་བྱ་བར་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་སྲིད་གླེང་བྱ་འགུལ་ནན་ཏན་སྒོས་སྤེལ་ནས། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་འགན་ལག་བསྟར་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས། གསུམ་ནས་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གི་སྲིད་གྲོས་བྱ་བའི་འགོ་ཁྲིད་སོགས་ཕྱོགས་ཀྱི་ལམ་ལུགས་འཛུགས་སྐྲུན་དང་བྱེད་ཐབས་གཏན་ཁེལ་བྱེད་པ། ལག་བསྟར་དམ་འཛིན་བྱེད་པར་ཤུགས་བསྣན་ནས། གཞི་རིམ་སྲིད་གྲོས་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། བཞི་ནས་བརྗོད་དོན་འགན་སྒྲུབ་བྱ་འགུལ་སྤེལ་བའི་ནང་དོན་དང་བྱེད་ཐབས་ཇེ་བཟང་དུ་བཏང་སྟེ། སྲིད་གྲོས་རྩ་འཛུགས་དང་ཨུ་ཡོན་གྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འདུ་ཤེས་དང་འགན་སྒྲུབ་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།
ཚོགས་ཐོག་ནས། ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། ཨུ་ཡོན་གྱི་འཆད་སྟེགས་བསྡུས་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཐུན་འཕྲོད་བསྟེན་འཕྲལ་བསྟུན་དོ་དམ་མ་ལག་འཛུགས་སྐྲུན་ཐད་ཀྱི་བསམ་གཞིགས་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས།