ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་ལས་གཞན། དབུལ་ཐར་མཁྲེགས་གཏོར་བྱ་བའི་སྙན་ཞུ་ལ་ཉན་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ང་ཚོས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་བ་རེད། སློབ་སྦྱོང་བྱས་པ་བརྒྱུད་དེ་བསམ་བློའི་ངོས་འཛིན་མཐོར་འདེགས་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་ཁྲོད་ཀྱི་དམངས་དོན་ཁྲིམས་གཞུང་གི་གོ་གནས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། དམངས་དོན་ཁྲིམས་གཞུང་ནི་རྩ་བ་བརྟན་པོ་དང་སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་ལྡན་པའི་བཅའ་ཁྲིམས་ཤིག་ཡིན་པར་ངོས་ཟིན་ཟབ་མོ་ཡོད་པར་བྱེད་དགོས། ངོས་འཛིན་མཐོ་རུ་གཏོང་བ་དང་ལས་ཀར་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་དང་ཇུས་འགོད་ལ་བརྟེན་ནས་ཁྱབ་གདལ་གཏོང་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། དམངས་དོན་ཁྲིམས་གཞུང་མང་ཚོགས་དང་མང་ཚོགས་ཀྱི་སེམས་ཀྱི་ཟབ་སར་འཇུག་པར་བྱས་ཏེ། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་པར་བྱེད་དགོས། སློབ་སྦྱོང་དང་བཀོལ་སྤྱོད་གཏིང་ཟབ་བྱས་པ་བརྒྱུད། དམངས་དོན་ཁྲིམས་གཞུང་ནི་བཅའ་ཁྲིམས་ཀྱི་མཚོན་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་འཚོ་བའི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་དེབ་ཅིག མི་དམངས་ཀྱི་ཁེ་དབང་སྲུང་བའི་ཁང་ཆེན་ཞིག་བཅས་ཡིན་པར་ངོས་ཟིན་གཏིང་ཟབ་སྐྱེས་པར་བྱེད་དགོས། མདོར་ན་བཅའ་ཁྲིམས་ཀྱི་ནུས་པར་བརྟེན་ནས་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་སྔར་ལས་ལེགས་པ་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ནང་། ཕུགས་བསམ་དང་དད་སེམས་བརྟན་པོ་ནི་ནམ་ཡང་ང་ཚོས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པ་དང་རྒྱལ་ཁ་ཐོབ་པར་བྱེད་པ་ལ་ཅིས་ཀྱང་མཁོ་བའི་འཛད་མེད་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་བསྟན་ཡོད་ལ། “བརྟན་འཇགས་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་དབུལ་བྲལ་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་དགོས་པ་ནན་གྱིས་བསྟན་ཡོད་པར་བརྟེན། དེས་ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། བསམ་བློ་དང་ལག་ལེན་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སྟེང་ནས་གཅིག་གྱུར་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་རྒྱུ། ན་ནིང་གི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱེད་པ། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། སྒྲུབ་བཞིན་པའི་ལས་དོན་ཁག་ལྟེ་བར་བཟུང་སྟེ“འདུ་ཤེས་བཞི”སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་མཚོ་སྔོན་དུ་རྩ་བ་ཚུགས་པར་ཁག་ཐེག་ནུས་ལྡན་བྱེད་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། ད་ལོའི་དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་ཡོད་ཚད་མཇུག་བསྡུ་དགོས་པས། འདི་ནི་མཚོ་སྔོན་ལ་མཚོན་ན་གོ་སྐབས་གལ་ཆེན་ཞིག་ཡིན་ལ་ཉམས་སད་ཆེན་པོ་ཞིག་ཀྱང་ཡིན། ཇི་ཙམ་མཇུག་བསྡུའི་སྐབས་སུ་སླེབས་ན་དེ་ཙམ་གྱིས་སྐུད་པ་དམ་པོར་འཐེན་པ་དང་གཞུ་རྒྱུད་མི་ལྷོད་པ་བྱེད་དགོས། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དང་། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་བྱ་བའི“ཕྱིར་མིག་ལྟ་བ”དང་རྒྱལ་ཁབ་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་དཔྱད་ཞིབ་ཚུར་ལན་བྱེད་པའི་གནད་དོན་དག་ཐེར་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། ཆེད་དོན་བྱ་སྤྱོད་དང་ལྷག་པར་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་འཆར་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་ཡག་པོ་བྱེད་དགོས། ས་གནས་ཁག་དང་སྡེ་ཁག་ཁག་དང་མང་ཚོགས་ཀྱི་ཧུར་སེམས་སྐུལ་སློང་བྱེད་རྒྱུ་དང་། དྲིལ་བསྒྲགས་དང་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཐར་ལས་དོན་དངོས་དོན་གཉེར་ཡོང་བར་བྱེད་པ། སྒྲུབ་པའི་དུས་ཀྱི་བརྒྱུད་རིམ་ཏན་ཏིག་ཡིན་པ། མཇུག་འབྲས་ངོ་མ་ཡིན་པ་བཅས་ཀྱི་འགན་ལེན་བྱས་ནས། ཏང་ཨུ་དང་སྲིད་གཞུང་།མི་དམངས་མང་ཚོགས་བཅས་ཀྱིས་སྤྲད་པའི་འོས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ཐད། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་ནང་དོན་སྔར་ལས་སྔོག་འདོན་བྱས་ཏེ། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་ཡོང་བར་བྱེད་རྒྱུ་དང་། དེ་མིན་ད་དུང་ཁྱིམ་ཚང་ལ་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན། མཚོ་སྔོན་ལ་དགའ་ཞེན་བཅས་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་ཀྱི་བརྩེ་སེམས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་རྒྱུ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་རྩ་བ་ཇེ་བརྟན་དུ་གཏོང་བ་དང་བླ་སྲོག་རྣལ་མ་བསྐྲུན་པའི་རྩ་བའི་འདུ་འགོད་ཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་ཀྱིས་རིམས་ནད་ལ་འགོག་རྒོལ་དང་དབུལ་ཐར་མཁྲེགས་གཏོར་སོགས་གསོན་ཉམས་ལྡན་པའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དུས་རབས་གསར་པར་དངོས་འབྲེལ་མཉམ་འདྲེས་ཐུབ་པར་འབད་འབུངས་བྱེད་དགོས་ཟེར།
ཚོགས་ཐོག་ནས《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཨུའི་ལག་བསྟར་བསམ་འཆར》ཞེས་པ་དང་། 《〈དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་བསྟར་རྩ་གནད〉ཅེས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་བྱ་ཐབས་འགའ་ཞིག》ཅེས་པར་གྲོས་ཞིབ་བྱས། དེ་མིན་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།