མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་འགོ་ཚུགས།
2020.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཐུང་ཏི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད།

ཚོགས་ཐོག་ནས་རིམ་པ་བཞིན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་དེ་བཞིན་ཞིང་ཆེན་ནོར་སྲིད་ཐིན་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་རེད།

ལིའུ་ཐུང་ཏི་ཡིས་བསྟན་དོན། ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཞིབ་བཤེར་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས། ས་གཙང་སྲུང་སྐྱོང་གི་དམག་འཐབ་དང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པའི་བྱ་སྤྱོད་དངོས་ཤིག་རེད།  ཁོས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ནན་ཏན་བྱེད་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་ལ་དམ་པོར་དམིགས་ནས་ཞིབ་བཤེར་སྤེལ་བ་དང་། “ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ”གྱིས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས།  ཁྲིམས་འཛིན་ཞིབ་བཤེར་ལས་དོན་གྱི་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཏེ། བཅའ་ཁྲིམས་ཀྱི་གོ་མཚོན་ལ་བརྟེན་ནས་ས་རྒྱུའི་སྦགས་བཙོག་བཅོས་སྒྲིག་བྱེད་པ་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་དག་ཞིང་སྲུང་སྐྱོང་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།