བསྟུད་མར་ཉིན་ཤས་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གནས་སའི་སྡེ་ཁག་གིས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དང་ཆེད་དོན་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པ་རེད། ཚང་མས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱ་དགོས།
ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་རང་རེའི་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་མཚམས་ཚིགས་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་དེ་རྒྱུན་རྣམ་དུ་འགྱུར་བའི་དམིགས་བསལ་རྒྱབ་ལྗོངས་འོག་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། དེར་དོན་སྙིང་གལ་ཆེན་ལྡན་པ་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་དོན་དངོས་དང་ཟུང་འབྲེལ་དམ་པ། བསམ་ཕྱོགས་ཀྱི་འདུ་ཤེས་གསར་པ། བྱེད་ཐབས་ཀྱི་བླང་བྱ་དངོས་བཅས་ཡིན་ཞིང་། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《བསམ་འཆར》ནི་རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་གསལ་བསྒྲགས་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། རང་རེའི་ཞིང་ཆེན་གྱིས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བར་རྩ་བའི་གཞི་འཛིན་ས་དང་ཕན་ནུས་ལྡན་པའི་འཆང་གཟུང་འདོན་སྤྲོད་བྱས་ཡོད། རང་རེའི་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་བཅས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།
ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་ངོས་འཛིན་ཟབ་མོ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སློབ་སྦྱོང་ལ་བསམ་བློ་གཏོང་ས་ཡོད་པ་དང་སྦྱངས་འབྲས་ཐོན་ས་ཡོད་པ་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་དོན་འཁྱོལ་ལ་སྣེ་ཁྲིད་དང་བརྟག་ཞིབ་ལ་བརྟེན་ནས་དོན་འཁྱོལ་ནན་ཏན་བྱེད་དགོས། དྲིལ་བསྒྲགས་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་ལ་བརྟེན་ནས་དོན་འཁྱོལ་འགན་ལེན་བྱས་ཏེ་ཚོགས་འདུའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་དང་སྣེ་ཁྲིད་ནས་བསམ་གཞིགས། སྣེ་ཁྲིད་ནས་བསམ་བློ་བརྗེ་རེས། སྣེ་ཁྲིད་ནས་ལག་བསྟར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཆེ་རུ་གཏོང་དགོས། བློ་གྲོས་དང་སྟོབས་ཤུགས་དེ་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ལས་འགན་གལ་ཆེན་དོན་འཁྱོལ་བྱེད་པའི་ཐོག་དངོས་གནས་གོང་བུར་འགྲིལ་བར་བྱ་དགོས་ཟེར།
ལོ་ཙཱ་བ། བན་དེ་སྐྱབས།